ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་གྱིས་ཡེ་ལུའུ་སཱ་ལེམ་ཤར་མའི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གཉིས་རྒྱ་བསྐྱེད་བྱེད་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་དཔོན་རིགས་ཀྱིས་ཚེས་ཉི་ཤུ་ཉིན་དབྱི་སི་རལ་གྱིས་ཡེ་ལུའུ་སཱ་ལེམ་ཤར་མའི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གཉིས་རྒྱ་བསྐྱེད་བྱེད་པའི་འཆར་གཞི་ལ་རྒོལ་གཏམ་བཏང་བ་དང་། དེ་ནི་ཨ་མེ་རི་ཁའི་དབུས་ཤར་ཞི་བདེའི་འཆར་གཞི་གསར་བ་ལག་བསྟར་བྱས་པ་རེད་ཟེར། 

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉི་ཤུ་ཉིན་ཡེ་ལུའུ་སཱ་ལེམ་ཤར་མའི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གཉིས་ནས་སྡོད་ཁང་སྟོང་ལྔ་དང་ཉིས་བརྒྱ་ཙམ་གསར་དུ་ལས་རྒྱུ་ཁྱབ་སྒྲོག་བྱས། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཨེ་ལོས་ཁཱ་ཐི་ཡིས་དོན་དེའི་ཐད་ནས་གསལ་སྒྲོག་སྤེལ་ཏེ། ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་པའི་ཁྲིམས་འགལ་བྱ་སྤྱོད་དེས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་ས་ཞིང་བཙན་འཕྲོག་བྱེད་པ་དེ་ཁྲིམས་མཐུན་གྱི་བྱ་སྤྱོད་ཅིག་ཏུ་བཏང་ཡོད་པ་དང་། ཕཱ་ལེ་སི་ཐན་གྱི་མིའི་རང་དབང་དང་ལ་རྒྱ་ལྡན་པའི་འཚོ་བའི་ཁེ་དབང་འཕྲོག་ཡོད་ལ། དེ་ནི་བསམ་བཞིན་དུ་བཙན་འཛུལ་བྱེད་པའི་བྱ་སྤྱོད་ཅིག་རེད་ཟེར། 

ཨེ་ལོས་ཁཱ་ཐི་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་པ་ཁྱབ་སྒྲོག་བྱས་པ་ལས་དབྱི་སི་རལ་གྱིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་དབུས་ཤར་ཞི་བདེའི་འཆར་གཞི་གསར་བ་ལག་བསྟར་བྱེད་བཞིན་པ་མཚོན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྲེལ་མྱུར་འགུལ་སྐྱོད་སྤེལ་ཏེ། དབྱི་སི་རལ་དང་ཨ་མེ་རི་ཁས་མུ་མཐུད་དུ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་སྒོ་ནས་རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་བརླག་བྱེད་པར་བཀག་འགོག་བྱེད་དགོས་ཟེར། 

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ལུའུ་ཏའེ་ནཱ་ཡིས་ཀྱང་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་རྒྱུན་འཁྱོངས་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་མ་ལག་ལ་གཏོར་བརླག་བཟོས་ཡོད་པ་དང་། དམིགས་ཡུལ་ནི་ཨ་མེ་རི་ཁའི་དབུས་ཤར་ཞི་བདེའི་འཆར་གཞི་གསར་བ་ལག་བསྟར་བྱེད་པའི་ཆེད་དུ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།