བྱང་ཆིངས་རྩ་འཛུགས་མཉམ་འབྲེལ་དམག་དཔུང་གི་བར་སྣང་འཇབ་རྒོལ་ལས་ཨ་ཧྥུའུ་ཧན་གྱི་མི་སེར་དཀྱུས་མ་བརྒྱད་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་སྲིད་གཞུང་དཔོན་རིགས་ཀྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་དམག་དཔུང་གིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་འགུལ་སྐྱོད་སྤེལ་བ་ལས་མི་སེར་དཀྱུས་མ་བརྒྱད་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ནན་ཀི་ཧཱ་ཨར་ཞིང་ཆེན་གྱི་མིང་བཤད་མི་འདོད་པའི་སྲིད་གཞུང་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཚེས་བཅུ་བཞི་ཉིན་གྱི་དགོང་མོར་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་དམག་དཔུང་གི་གནམ་གྲུས་ཞིང་ཆེན་དེའི་སུའུ་ཨར་ཧི་ལོ་ཏི་ས་ཁུལ་གྱི་ལམ་དུ་བགྲོད་བཞིན་པའི་རླངས་འཁོར་གཉིས་ལ་འཇབ་རྒོལ་བྱས་པ་དང་། རླངས་འཁོར་སྟེང་དུ་ས་དེའི་སྡེ་མི་དྲུད་ཡོད་ལ། ཁོ་ཚོ་སྐབས་ཐོག་དེར་ཀུན་འདུས་ཚོང་ར་ནས་ཕྱིར་སྡེ་བའི་ནང་དུ་ལོག་བཞིན་ཡོད་པ་རེད། 

ནན་ཀི་ཧཱ་ཨར་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཧའོ་ཅི་ཡཱ་ནེ་ཡིས་གསར་འགོད་པར་གནས་ཚུལ་དེ་བདེན་དཔང་བྱས། ཁོས་བཤད་རྒྱུར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། རྐྱེན་ལམ་དུ་ཤོར་བའི་མི་ཚང་མ་སྡེ་མི་ཡིན་པ་དང་དེའི་ནང་བྱིས་པ་གཅིག་འདུས་ཟེར། 

ཨ་ཧྥུའུ་ཧན་སྒེར་ཚུགས་འགྲོ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་གི་གཞི་གྲངས་ལྟར་ན། ཉིས་སྟོང་བཅུ་དགུའི་ལོར་བསྡོམས་པས་ཨ་ཧྥུའུ་ཧན་གྱི་མི་སེར་དཀྱུས་མ་སྟོང་གཉིས་དང་བརྒྱད་བརྒྱད་བཅུ་བདུན་རིགས་སྣ་ཚོགས་ཀྱི་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སྟོང་བདུན་དང་བརྒྱད་བརྒྱ་ང་ལྔར་རྨས་ཕོག་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།