ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་འཐུས་མིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པར་ཕྱོགས་སོ་སོས་འབད་བརྩོན་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མི་ཀི་ལའོ་ཡིས་ཚེས་བཅུ་གཉིས་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་བསྟན་དོན། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པར་ཕྱོགས་སོ་སོས་འབད་བརྩོན་བྱས་ཏེ་ཆབ་སྲིད་རེ་འདུན་འདོན་དགོས་ཟེར། 

ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཉིན་དེར་མེན་སི་ཁི་ནས་རྒྱུན་སྲོལ་གྱི་གྲོས་མོལ་སྤེལ། ཀི་ལའོ་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ལོ་ལྔའི་ཡར་སྔོན་གྱི་ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་དང་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་པས་མེན་སི་ཁིའི་གྲོས་མཐུན་ལག་བསྟར་བྱེད་པའི་ཕྱོགས་བསྡུས་བྱེད་ཐབས་བཀོད་པ་དང་། བྱེད་ཐབས་དེ་དང་མེན་སི་ཁི་ནས་བཀོད་པའི་ཡིག་ཆ་གཞན་པས་མཉམ་དུ་ཞི་བའི་སྒོ་ནས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་རྨང་གཞི་གྲུབ་ཡོད་ཟེར། 

ཀི་ལའོ་ཡིས་བཤད་རྒྱུར། ཉིན་དེའི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་གྲོས་མོལ་ཁྲོད་ཕྱོགས་སོ་སོས་མེན་སི་ཁིའི་གྲོས་མཐུན་བརྩི་སྲུང་བྱེད་རྒྱུའི་ཚུལ་བསྟན་པ་དང་། མུ་མཐུད་དུ་ཅང་མ་འགོར་བའི་སྔོན་ཨུ་རུ་སི་དང་འཇར་མན། ཧྥ་རན་སི། ཝུའུ་ཁི་ལན་བཅས་རྒྱལ་ཁབ་བཞིའི་མགོ་ཁྲིད་པའི་ནོའུ་མན་ཏིས་རྣམ་པའི་ཕཱ་རེ་སིའི་མཐོ་རིམ་གྲོས་ཚོགས་ནས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབ་བྱེད་འདོད་ཡོད་ཟེར། 

ཁོ་མོས་མཚམས་སྦྱོར་བྱས་པ་ལྟར་ན། ཉིན་དེའི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་དང་དེའི་བྱ་བའི་ཚན་ཆུང་སོ་སོའི་གྲོས་མོལ་ཁྲོད། ཕྱོགས་སོ་སོས་དམག་དཔུང་ཕྱིར་འཐེན་བྱེད་སའི་གནས་མང་བོ་གཏན་འཁེལ་བྱེད་པ་དང་། བཟུང་དམག་བརྗེ་སྤོར་བྱེད་པ། ཕན་ནུས་ལྡན་པའི་སྒོ་ནས་གར་སོང་མ་རྙེད་པའི་མི་སྣ་འཚོལ་ཞིབ་བྱེད་པར་འགན་སྲུང་བྱེད་པ། འབྲེལ་མཚམས་སུ་རྒྱུ་ལམ་ས་ཚིགས་གསར་དུ་འཛུགས་པ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ལས་ཁྱུར་ངལ་གསོའི་མ་དངུལ་སྟེར་བ། ཆུའི་འདོན་སྤྲོད་སླར་གསོ་བྱེད་པ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་དམིགས་བསལ་གོ་གནས། ཧྲི་ཐེ་ཡུན་མེད་ཨར་རྣམ་པའི་ཡིག་ཆ་སོགས་གནད་དོན་ལ་གྲོས་བསྡུར་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།