ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་རྒྱལ་གྱི་སྲིད་ཏང་མགོ་ཁྲིད་པ་དང་མིང་གྲགས་མི་སྣ་དག་ཀྲུང་གོ་ཏོག་དབྱིབས་ནད་དུག་གསར་བའི་རིམས་ནད་ལས་རྣམ་པར་རྒྱལ་བར་ཡིད་ཆེས་ཀྱིས་ཁེངས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་རེ་འགའི་སྲིད་ཏང་གི་མགོ་ཁྲིད་པ་དང་མིང་གྲགས་མི་སྣས་ཉེ་སྔོན་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ལ་གློག་འཕྲིན་བཏང་སྟེ། ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་པ་དང་། ཀྲུང་གོས་མཇུག་མཐར་རིམས་ནད་ཀྱི་རྒྱལ་ཁ་ལོན་ཐུབ་པར་ཡིད་ཆེས་ཡོད་པའི་ཚུལ་བསྟན། 

ཧང་ག་རིའི་བཟོ་བའི་ཏང་གི་ཀྲུའུ་ཞི་ཏིས་ཨར་མའོ་ཡིས་བསྟན་དོན། ཀྲུང་གོས་རིམས་ནད་འགོག་བཅོས་ཐད་འབད་བརྩོན་ཆེན་པོ་བྱས་ཤིང་། འཛམ་གླིང་སྟེང་རྒྱལ་ཁབ་གང་རུང་གིས་དུས་ཡུན་ཐུང་ངུའི་ནང་ཕན་ནུས་ལྡན་པའི་སྒོ་ནས་མི་ཤུགས་དང་སྨན་བཅོས་ཐོན་ཁུངས་འདི་འདྲའི་ཆེན་པོ་སྐུལ་སློང་བྱེད་ཐབས་མི་འདུག དེ་ལས་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ཤུགས་ཆེན་པོ་མངོན་པར་མཚོན་ཡོད་ཟེར། 

མའོ་ཨར་ཏའོ་ཝའི་སྤྱི་ཚོགས་རིང་ལུགས་པའི་ཏང་གི་ཀྲུའུ་ཞི། གྲོས་དཔོན་ཀི་ལོས་ཆཱ་ནེ་ཡིས་ཀྲུང་གོས་དུས་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམས་ནད་ཀྱི་གནས་ཚུལ་སྙན་ཞུ་བྱས་པར་གཟེངས་བསྟོད་བྱས་པ་དང་། འཛམ་གླིང་ཡོངས་ཅན་ཉིན་རེར་འཕེལ་རྒྱས་སུ་འགྲོ་བའི་དེང་གི་སྐབས་འདིར་རིམས་ནད་འགོག་བཅོས་བྱེད་པ་དེ་རྒྱལ་ཁབ་གཅིག་གི་ལས་འགན་མ་ཡིན་པར། རྒྱལ་ཁབ་སོ་སོས་ལག་རྡང་སྦྲེལ་ནས་འབད་བརྩོན་བྱེད་དགོས། མའོ་ཨར་ཏའོ་ཝ་ཕྱོགས་ཀྱིས་ཀྲུང་གོས་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་སྤྱད་པའི་བྱེད་ཐབས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཀྲུང་གོས་སྔ་མོ་ནས་རིམས་ནད་འགོག་བཅོས་ཐད་ནས་གྲུབ་འབྲས་བཟང་བོ་ལོན་པར་སྙིང་ཐག་པ་ནས་སྨོན་འདུན་ཞུ་བཞིན་ཡོད་ཟེར། 

ཨེ་ཤ་ཡཱའི་སྲིད་ཏང་རྒྱལ་སྤྱིའི་གྲོས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཧྥེ་ལེ་པེན་སྔོན་ཆད་ཀྱི་གྲོས་དཔོན་ཏི་པེ་ནེ་ཞི་ཡཱ་ཡིས་བསྟན་དོན། ངས་ཨེ་ཤ་ཡཱའི་རྒྱལ་ཁབ་ང་གཉིས་ནས་ཡོང་ཞིང་། སྲིད་འཛིན་ཏང་དང་ངོ་རྒོལ་ཏང་། སྒེར་ཚུགས་སྲིད་ཏང་བཅས་སུམ་བརྒྱ་དང་ལྔ་བཅུས་གྲུབ་པའི་ཨེ་ཤ་ཡཱའི་སྲིད་ཏང་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་ཚབ་བྱས་ཏེ་ཀྲུང་གོར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག་ཏུ། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་འགོག་བཅོས་ཀྱི་རྒྱལ་ཁ་ལོན་ཐུབ་པར་ཡིད་ཆེས་ཡོད་ཟེར། 

ནེ་པཱ་ལཱའི་ཞིང་བཟོ་ཏང་གི་ཀྲུའུ་ཞི་པུས་ཅིག་ཁི་ཆེ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག ཀྲུང་གོའི་མི་དམངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་སྒོས་འགྲན་རྩོད་གདོང་གིས་བསུས་པར་ང་ཚོས་གཟེངས་བསྟོད་བྱེད་བཞིན་ཡོད། ཀྲུང་གོས་སྤྱད་པའི་བྱེད་ཐབས་ནི་སྤྱི་བའི་འཕྲོད་བསྟེན་ཁྱབ་ཁོངས་སུ་མཐོང་དཀོན་པའི་དཔེ་སྲོལ་བཟང་བོ་ཞིག་ཡིན་པ་དང་། འཛམ་གླིང་ཡོངས་ལ་བརྡ་འཕྲིན་ལེགས་པོ་བརྒྱུད་སྤྲོད་བྱས་ཡོད་ལ། ཀྲུང་གོས་རྒྱལ་ཁ་ལོན་ཐུབ་པར་ཡིད་ཆེས་ཡོད་ཟེར། 

སིང་ག་ལཱའི་མི་དམངས་བཅིངས་འགྲོལ་འཐབ་ཕྱོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞེ་ཨར་ཝ་ཡིས་བསྟན་དོན། ཀྲུང་གོས་ནད་དུག་གི་ཞིབ་འཇུག་དང་ཕན་ཚུན་འགོ་བར་སྔོན་འགོག ཕན་ནུས་ལྡན་པའི་སྒོ་ནས་ཚོད་འཛིན་དང་དུས་ལྟར་དང་ལེན་བྱེད་པ་སོགས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་ནི་མི་སེམས་འགུལ་བ་ཞིག་རེད། ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཏུ་ཀྲུང་གོའི་སྲིད་གཞུང་གིས་སྔ་མོ་ནས་རིམས་ནད་འགོག་བཅོས་ཀྱི་རྒྱལ་ཁ་ལོན་ཐུབ་པར་ཡིད་ཆེས་ཡོད་ཟེར། 

ཅི་ཨར་ཅི་སི་སི་ཐན་གུང་ཁྲན་རིང་ལུགས་པའི་ཏང་གི་ཀྲུའུ་ཞི་མཱ་སཱ་ལེ་ཡེ་ཧྥུའུ་ཡིས་བསྟན་དོན། ཀྲུང་གོའི་ལོ་རྒྱུས་སྟེང་དཀའ་སྡུག་མང་བོ་མྱངས་མྱོང་ཡང་། ཀྲུང་གོའི་མི་དམངས་ཀྱིས་ནམ་རྒྱུན་དཀའ་ཁག་ཁྱད་དུ་བསལ་ཡོད། ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་མི་དམངས་ཀྱིས་རིམས་ནད་ལ་འགོག་བཅོས་ཚོད་འཛིན་བྱས་ཏེ་རིམས་ནད་ལས་བྱུང་བའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་སེལ་ཐུབ་པར་ཡིད་ཆེས་ཡོད་ཟེར། 

ཨ་ཧྥེ་རི་ཁ་ལྷོ་མའི་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་གཞོན་པ་དང་པོ་མཱ་ཕའེ་ལཱ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག ཀྲུང་གོའི་ཏང་དང་སྲིད་གཞུང་གིས་རིམས་ནད་ཀྱི་མདུན་ནས་ཕུལ་དུ་བྱུང་བའི་མགོ་ཁྲིད་ནུས་པ་མངོན་པར་བྱས་ཡོད་ལ། དེ་ལས་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ཁྱད་སྟོབས་མངོན་པར་མཚོན་ཡོད། ཨ་ཧྥེ་རི་ཁ་ལྷོ་མའི་གུང་ཁྲན་ཏང་གིས་ཀྲུང་གོ་ང་རྒྱལ་དུ་རློམ་ཡོད་པ་དང་ང་ཚོའི་སེམས་པ་ནམ་ཡང་ཁྱོད་ཚོ་དང་མཉམ་དུ་གནས་ཡོད་ཟེར། 

ཅི་པུའུ་ཐིས་གོང་འཕེལ་བརྩོན་ལེན་མི་དམངས་མནའ་འབྲེལ་གྱི་སྤྱི་ཁྱབ་ཧྲུའུ་ཅི་དབྱེ་ལེ་ཡཱ་སི་ཡིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་བྱེད་ཐབས་ནུས་ལྡན་སྤྱད་ནས་རིམས་ནད་དེ་རྒྱལ་ཁབ་དང་ས་ཁུལ་གཞན་དུ་མཆེད་པར་བཀག་འགོག་བྱས་པ་དང་། འཛམ་གླིང་ཡོངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས། ཀྲུང་གོའི་སྲིད་གཞུང་གི་རིམས་ནད་འགོག་བཅོས་བྱ་བར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་སློབ་སྦྱོང་བྱེད་པའི་རིན་ཐང་ལྡན་ཟེར། 

ཨེ་ཅིབ་གསར་འགོད་པའི་བཟོ་ཚོགས་ཀྱི་ཀྲུའུ་ཞིའི་དམིགས་བསལ་འཐུས་མི་སཱ་ལཱ་མུའུ་ཡིས་བསྟན་དོན། ཀྲུང་གོས་རིམས་ནད་དེར་འགོག་བཅོས་བྱས་པ་བརྒྱུད་དེ་འཛམ་གླིང་ཡོངས་ལ་རང་གི་རྒྱལ་ཁབ་ཆེན་མོའི་གོ་གནས་བདེན་དཔང་བྱས་ཡོད། དེ་ནི་རང་གི་མི་དམངས་ལ་འགན་ཁུར་བ་དང་། འཛམ་གླིང་ཡོངས་ལ་འགན་ཁུར་བའི་རྒྱལ་ཁབ་ཆེན་མོ་མིང་དོན་མཚུངས་པ་ཞིག་རེད་ཟེར། 

ཨ་མེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཨ་མེ་རི་ཁའི་ཚོགས་གཙོ་ཧྥན་པའོ་ཡིས་བསྟན་དོན། སྔ་ན་མེད་པའི་རིམས་ནད་འདིའི་མདུན་ནས་ཀྲུང་གོའི་ཏང་དང་སྲིད་གཞུང་གིས་འབད་བརྩོན་ཆེན་པོས་ནད་པར་གསོ་བཅོས་བྱས་པ་དང་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་བག་ཆགས་ཟབ་མོ་བཞག་ཡོད། ཏོག་དབྱིབས་ནད་དུག་གསར་བ་ནི་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་ཡིན་པས། ཀྲུང་གོའི་མི་དམངས་ཀྱིས་རིམས་ནད་འགོག་བཅོས་བྱེད་པའི་འཐབ་རྩོད་དེས་མིའི་རིགས་ཡོངས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།