ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་ཀྲུང་གོའི་སྨན་བཅོས་མི་སྣར་གུས་འདུད་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་དགུའི་ཉིན་དྲ་ཚིགས་བརྒྱུད་དེ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་ཀྲུང་གོའི་སྨན་བཅོས་མི་སྣར་གུས་འདུད་ཞུས། 

ཐན་ཏི་སེ་ཡིས་བཤད་རྒྱུར། ངས་ཀྲུང་གོའི་སྨན་བཅོས་མི་སྣ་དང་ཁྱད་པར་དུ་ཧུའུ་པེ་ཞིང་ཆེན་གྱི་སྨན་བཅོས་མི་སྣར་གུས་འདུད་ཞུ་བཞིན་ཡོད། ཁོ་ཚོས་གནོན་ཤུགས་ཆེན་པོའི་འོག་ཏུ་ནད་པར་བདག་སྐྱོང་བྱས་པར་མ་ཟད། ཏོག་དབྱིབས་ནད་དུག་གསར་བའི་ཆེད་དུ་ཚན་རིག་དབྱེ་ཞིབ་དང་གཞི་གྲངས་འཚོལ་སྡུད་བྱས། འཛམ་གླིང་ཡོངས་ཀྱིས་ཁོ་ཚོས་ཆེས་བཟང་བའི་གསོ་བཅོས་བྱེད་ཐབས་འཚོལ་ཞིབ་བྱེད་པ་དང་ནད་དུག་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པའི་ཐད་བསྒྲུབས་པའི་བྱ་བར་བཀའ་དྲིན་ཞུ་དགོས་ཡོད་ཟེར། 

ཐན་ཏི་སེ་ཡིས་ནན་གྱིས་བསྟན་དོན། སྨན་བཅོས་དང་ཚན་རིག་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དག་གིས་རྒྱལ་ཁོངས་བརྒལ་བའི་མཉམ་ལས་བྱེད་བཞིན་ཡོད་ཅིང་། གཞི་གྲངས་ལ་བརྟེན་ནས་ཏོག་དབྱིབས་ནད་དུག་གསར་བ་འཇོམས་པར་རོགས་རམ་བྱེདབཞིན་ཡོད། ང་ཚོས་བརྡ་འཕྲིན་མྱུར་དུ་འཚོལ་སྡུད་དང་དབྱེ་ཞིབ། མཉམ་སྤྱོད་བཅས་བྱས་ཏེ་འཛམ་གླིང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། ང་ཚོས་ངེས་པར་དུ་ཚན་རིག་གི་སྟོབས་ཤུགས་ལ་བརྟེན་ནས་རིམས་ནད་ཚོད་འཛིན་བྱེད་དགོས་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་འདིའི་ཚེས་བཅུ་གཅིག་ཉིན་དང་ཚེས་བཅུ་གཉིས་ཉིན་བར་རི་ནེ་ཝ་ནས་ཏོག་དབྱིབས་ནད་དུག་གསར་བར་དམིགས་པའི་འཛམ་གླིང་ཡོངས་ཀྱི་ཞིབ་འཇུག་དང་གསར་གཏོད་གླེང་སྟེགས་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་ཚན་རིག་ཞིབ་འཇུག་སྟོབས་ཤུགས་ལེགས་སྒྲིག་བྱས་ཤིང་། ཏོག་དབྱིབས་ནད་དུག་གསར་བ་འཇོམས་པའི་ཞིབ་འཇུག་གཙོ་གནད་གཏན་འཁེལ་བྱས་ནས། སྔ་མོ་ནས་གསོ་བཅོས་བྱེད་ཐབས་དང་ནུས་ལྡན་འགོག་སྨན་རྙེད་དུ་འཇུག་རྒྱུ་ཡིན་ཟེར། 

མཚམས་སྦྱོར་བྱས་པ་ལྟར་ན། གླེང་སྟེགས་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འཛམ་གླིང་ཡོངས་ཀྱི་འགོ་ནད་སྔོན་འགོག་ཚོད་འཛིན་ཞིབ་འཇུག་མཉམ་ལས་རྩ་འཛུགས་ཀྱིས་མཉམ་དུ་སྤེལ་བ་ཡིན་ཞིང་། འཛམ་གླིང་ཡོངས་ཀྱི་མིང་གྲགས་ཆེ་བའི་ཚན་རིག་པ་དང་སྤྱི་བའི་འཕྲོད་བསྟེན་ལས་ཁུངས། རྒྱལ་ཁབ་སོ་སོའི་འཕྲོད་བསྟེན་སྡེ་ཁག ཞིབ་འཇུག་རོགས་སྐྱོར་ལས་ཁུངས་བཅས་ཀྱི་མི་སྣ་མཉམ་དུ་འདུས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།