ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོའི་ཆེད་མཁས་པས་ཀྲུང་གོས་ཏོག་གསར་གློ་ཚད་ལ་འགོག་རྒོལ་བྱས་པར་གདེང་འཇོག་ལེགས་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྟུད་མར་ཉིན་འགའི་རིང་ལ། ཀྲུང་གོའི་ཏོག་གསར་གློ་ཚད་འགོག་རྒོལ་གྱི་འཕེལ་རིམ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་ཟབ་མོ་ཐོབ། རྒྱལ་ཁབ་མང་བོའི་ཆེད་མཁས་པས་བལྟས་ན། ཀྲུང་གོ་སྲིད་གཞུང་གིས་དགེ་མཚན་ལྡན་ཞིང་ཕན་འབྲས་མཐོ་ལ། ཡོངས་བསྒྲགས་མངོན་གསལ་གྱི་བྱེད་ཐབས་སྤྱད་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་པར་མ་ཟད། འཛམ་གླིང་ཡོངས་དང་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ཡང་བྱས་རྗེས་གལ་ཆེན་བཞག་ནས། འཛམ་གླིང་ལ་ཡིད་ཆེས་བསྩལ་བར་འདོད།

ཨ་མེ་རི་ཁའི་ཡེ་ལུའུ་སློབ་ཆེན་གྱི་མཐོ་རིམ་ཞིབ་འཇུག་པ་སི་ཐེ་ཧྥིན་ལོ་ཆི་ཡིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་རིམས་ནད་ལ་ཁ་གཏད་འཇལ་བར་སྤེལ་བའི་འགུལ་སྐྱོད་ཡང་དག་པར་མ་ཟད་དེས་མི་རྣམས་ཀྱི་ཡིད་ཆེས་ཆེ་རུ་བསྐྱེད་སོང་། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་གྱིས་དེ་ལས་ཀྱང་ལོགས་འགར་གྱི་བྱེད་ཐབས་ནན་མོ་སྤྱད་པར་མ་ཟད་སྨན་ཁང་གསར་བ་བཙུགས་པ་སོགས་ཀྱི་བྱེད་ཐབས་ལ་དགེ་མཚན་དང་ནུས་པ་ལྡན། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་་གཉིས་ཀྱི་ཚན་རིག་པས་རིམས་ནད་ལ་ཁ་གཏད་འཇལ་སྐབས་མཉམ་ལས་བྱས་པ་དེས་ཡིད་ཆེས་ཇེ་ཆེར་གཏོང་ཐུབ་ཟེར། ཁོས་བལྟས་ན་ཉེན་ཚབས་ཆེ་བའི་སྐབས་སུ་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་བྱ་བའི་གཙོ་གནད་དེ་མི་དམངས་དང་མིའི་རིགས་ལ་ཆེས་ཕན་པའི་བྱ་གཞག་གི་སྟེང་དུ་འཇོག་དགོས་པར་འདོད།

ཧ་སག་སི་ཐན་གྱི་ཙུང་ཐུང་ཐེབས་རྩ་ཚོགས་པའི་ཀྲུང་གོ་དང་ཨེ་ཤ་ཡའི་ཞིབ་འཇུག་འཆར་གཞིའི་དབུ་བཞུགས་ཆེད་མཁས་པ་ཐོག་མ་ཨན་ཏུང་པུའུ་ཅ་ཡན་ཁོ་ཡིས་བཤད་རྒྱུར། ཀྲུང་གོ་སྲིད་གཞུང་གིས་དུས་ལྟར་བྱེད་ཐབས་སྤྱད་དེ་ནད་དུག་མཆེད་པར་བཀག་འགོག་བྱས་པ་དང་། ཉིན་འགའི་རིང་གི་དུས་ཡུན་ཐུང་ངུའི་ནང་རྒྱལ་ཡོངས་མི་དམངས་ལ་རྩ་འཛུགས་དང་སྐུལ་སློང་བྱས་ཏེ་རིམས་ནད་ལ་འགོག་རྒོལ་བྱས་དེས་བག་ཆགས་ཟབ་མོ་བཞག་སོང་། ཀྲུང་གོ་སྲིད་གཞུང་གིས་རིམས་ནད་ཀྱི་ཆ་འཕྲིན་བསྒྲགས་པ་མངོན་གསལ་ཡིན་ཚད་དེར་གཟེངས་བསྟོད་བྱེད་འོས་ལ། མིག་སྔར་སྤྱོད་བཞིན་པའི་བྱེད་ཐབས་ནི་ནད་དུག་མཆེད་པར་བཀག་འགོག་བྱེད་པར་ཕན་པས། སྔོན་དཔག་གི་དམིགས་འབེན་དུ་བསླེབ་ཐུབ་པར་ཡིད་ཆེས་ཡོད་ཟེར།

མོ་ཞི་ཁའི་རྒྱལ་བཙུགས་རང་སྐྱོང་སློབ་ཆེན་གྱི་ཚོང་ལས་དང་དཔལ་འབྱོར་དབྱེ་ཞིབ་ཚོད་ལྟ་ཁང་གི་འགན་ཁུར་བ་ཁོ་ཨར་ཐི་སི་ཡིས་བཤད་རྒྱུར། ཀྲུང་གོ་སྲིད་གཞུང་གི་རིམས་ནད་ལ་དམིགས་པའི་འགུལ་སྐྱོད་ཀྱིས་དེས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་་ལ་ཧ་ཅང་མཐོང་ཆེན་བྱེད་པ་མངོན་པར་མཚོན་འདུག་ཟེར།

དབྱིན་ཇིའི་སྤྱི་ཚོགས་རིག་པ་བ་གྲགས་ཅན་ཨ་ཨར་པུའུ་ལའོ་ཡིས་བསྟན་དོན། ཁོས་ཀྲུང་གོའི་ཏོག་གསར་གློ་ཚད་ཀྱི་གནས་ཚུལ་ལ་དོ་སྣང་ཟབ་མོ་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་སྲིད་གཞུང་གིས་རིམས་ནད་མཆེད་པར་བཀག་འགོག་ཚོད་འཛིན་བྱེད་པའི་ཐད་ནུས་ལྡན་བྱེད་ཐབས་སྤྱད་པ་དེས་བག་ཆགས་ཟབ་མོ་བཞག་སོང་། ཀྲུང་གོའི་སྨན་བཅོས་ནད་གཡོག་མི་སྣས་ཉེན་ཁར་མ་འཛེམས་པར་ཉིན་མཚན་གཉི་གར་བྱ་བ་བབསྒྲུབས་ནས། ཉེན་ཚབས་དེ་ཐག་གཅོད་པར་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་འདུག་ལ། འཛམ་གླིང་ཡོངས་ཀྱིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་འབད་བརྩོན་ལ་ཁས་ལེན་བྱེད་པར་ཡིད་ཆེས་ཡོད་ཟེར།

ཨོ་སི་ཁྲུ་ལི་ཡའི་ཞི་ཉིའི་ཧྲིན་ཝུན་སིན་ཐི་སྨན་ཁང་གི་གསོ་རིག་ཚན་རིག་པ་གྲགས་ཅན་ཝང་པེན་གྱིས་བཤད་རྒྱུར། ཀྲུང་གོ་སྲིད་གཞུང་གིས་ཁ་གཏད་འཇལ་བའི་བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་མཆེད་པར་བཀག་འགོག་བྱས་སོང་། ཀྲུང་གོས་རྒྱུན་ལྡན་མིན་པའི་གློ་ཚད་ཀྱི་ཚོད་བགམ་ཉམས་སུ་མྱངས་མྱོང་བ་དང་། འགོས་ནད་འགོག་བཅོས་ཀྱི་བརྒྱུད་རིམ་མང་བོ་ནས་གོང་འཕེལ་ཧ་ཅང་ཆེན་པོ་བྱུང་བས། ཨོ་སི་ཁྲུ་ལི་ཡའི་གསོ་རིག་ལས་དོན་པས་དེར་ཁས་ལེན་བྱེད་བཞིན་ཡོད་ཟེར།

པི་ལི་ཧྲིའི་མཐོ་རིམ་དོ་དམ་མི་སྣ་ཝུན་སིན་ཐི་ཡིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་རྒྱུན་ལྡན་ལས་བརྒལ་ཞིང་ཕན་འབྲས་མཐོ་བའི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ནད་དུག་མཆེད་པར་བཀག་འགོག་ལེགས་པོ་བྱས་ལ། འབྲེལ་ཡོད་གཞི་གྲངས་ཡོངས་བསྒྲགས་དང་མངོན་གསལ་གྱིས་མཉམ་སྤྱོད་བྱས་པའི་བྱེད་ཐབས་དེས་ཀྱང་རིམས་ནད་འགོག་རྒོལ་ཐད་མཇུག་མཐའི་རྒྱལ་ཁ་ལེན་པར་ནུས་པ་གལ་ཆེན་ཐོན་ཡོད། རིམས་ནད་ནི་ཀྲུང་གོའི་གནད་དོན་ཙམ་མ་ཡིན་པར། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་འགྲན་རྩོད་ཅིག་ཡིན་པས། ང་ཚོས་མཉམ་དུ་ཐག་གཅོད་བྱ་འོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།