ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལས་ཕ་ལེ་སི་ཐན་གྱི་མི་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་གྱི་མང་ཚོགས་ཀྱིས་ཚེས་བདུན་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཐུའུ་ལེ་ཁའེ་ཨར་མུའུ་གྲོང་ཁྱེར་ནས་ངོ་རྒོལ་རྔམ་སྟོན་བྱས་པར་མ་ཟད། དབྱི་སི་རལ་གྱི་དམག་མིའི་བར་དུ་འཁྲུག་རྩོད་བྱུང་ལ། ཕ་ལེ་སི་ཐན་གྱི་ན་གཞོན་ཞིག་ལ་དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་སྟེ་བསད། འདི་ནི་ཉིན་གསུམ་གྱི་རིང་ལ་དབྱི་སི་རལ་གྱི་དམག་མིས་བསད་པའི་ཕ་ལེ་སི་ཐན་པ་བཞི་བ་རེད།

ཉིན་དེར། ཕ་ལེ་སི་ཐན་གྱི་མང་ཚོགས་བརྒྱ་ཕྲག་འགས་ཐུའུ་ལེ་ཁའེ་ཨར་གྲོང་ཁྱེར་ནས་ངོ་རྒོལ་རྔམ་སྟོན་བྱས་པ་དང་། རྔམ་སྟོན་པ་ཁ་ཤས་ཀྱིས་རླངས་འཁོར་གྱི་རྐྱལ་བ་མེར་བསྲེགས་པས། གནས་དེ་རུ་དུ་བ་ལྷོག་ལྷོག་འཕྱུར། རྔམ་སྟོན་མི་ཚོགས་ཀྱིས་ད་དུང་དབྱི་སི་རལ་གྱི་དམག་མིའི་ཕྱོགས་སུ་རྡོ་བ་གཡུགས་པས། དབྱི་སི་རལ་གྱི་དམག་མིས་དུ་འཕྱུར་མེ་མདེལ་དང་འགྱིག་མདེའུ། ཐ་ན་མདེའུ་ངོ་མ་བཅས་བཀོལ་ནས་རྒོལ་ལན་སྤྲད།

ཕ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། ལོ་བཅུ་དགུ་ཅན་གྱི་ཕ་ལེ་སི་ཐན་གྱི་ན་གཞོན་ཞིག་ལ་ཐུའུ་ལེ་ཁའེ་ཨར་མུའུ་གྲོང་ཁྱེར་གྱི་འཁྲུག་རྩོད་ཁྲོད་ནས་དབྱི་སི་རལ་གྱི་དམག་མིའི་མདེའུ་ཕོག་སྟེ། མྱུར་སྐྱོབ་བྱས་ཀྱང་མ་ཕན་པར་ཚེ་ལས་འདས་ཟེར།

ཕ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པ་ལྟར་ན། ཚེས་དྲུག་ཉིན་ཕ་ལེ་སི་ཐན་གྱི་མང་ཚོགས་ཀྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིང་གྲོང་ཁྱེར་ངོ་རྒོལ་རྔམ་སྟོན་བྱེད་སྐབས་དབྱི་སི་རལ་གྱི་དམག་མི་དང་འཁྲུག་རྩོད་བྱུང་སྟེ། ཕ་ལེ་སི་ཐན་གྱི་ན་གཞོན་ཞིག་དང་ཕ་ལེ་སི་ཐན་གྱི་ཉེན་རྟོག་པ་ཞིག་ལ་དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་སྟེ་བསད་པ་དང་། ཚེས་ལྔ་ཉིན་ཕ་ལེ་སི་ཐན་གྱི་ན་གཞོན་ཞིག་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཞི་པོ་ལུན་གྲོང་ཁྱེར་ནས་དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་སྟེ་བསད་ཟེར། གཞན་ཡང་ཕ་ལེ་སི་ཐན་གྱི་སྨན་བྱེད་ཀྱིས་བསྒྲགས་པ་ལྟར་ན། ཉིན་འགའི་རིང་གི་འཁྲུག་རྩོད་ཁྲོད་ནས་ཕ་ལེ་སི་ཐན་པ་བཅུ་ཕྲག་འགར་རྨས་ཕོག་ཡོད་ཟེར།

ཅ་ཧྲ་ས་ཁུལ་གྱི་བདེ་འཇགས་སྡེ་ཁག་གི་མི་སྣས་ཚེས་དྲུག་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཉིན་དེར་ཅ་ཧྲ་ས་ཁུལ་གྱི་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་ཚོད་འཛིན་བྱས་ཡོད་པའི་དམག་དོན་དམིགས་འབེན་མང་བོར་བར་སྣང་ནས་འཇབ་རྒོལ་བྱས་ཏེ། ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་དབྱི་སི་རལ་གྱི་མངའ་ཁོངས་སུ་མེ་ཤུགས་འཕུར་མདའ་འཕངས་པར་རྒོལ་ལན་སྤྲད་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཟླ་དང་བོའི་ཚེས་ཉེར་བརྒྱད་ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་བའི་དབུས་ཤར་ཞི་བདེའི་འཆར་གཞི་གསར་བ་ཞེས་པ་ཁྱབ་བསྒྲགས་བྱས་ཏེ། ཡེ་ལུའུ་ས་ལུན་གྱི་དབང་ཆ་དང་ཡ་ཧུ་ད་པའི་གཏན་སྡོད་བྱེད་སའི་ཁྲིམས་མཐུན་རང་བཞིན་སོགས་གནད་དོན་གལ་ཆེན་ཐད་ནས་དབྱི་སི་རལ་ལ་ཕྱོགས་ཞེན་བཟུང་བས། ཕ་ལེ་སི་ཐན་ཕྱོགས་ཀྱིས་འཆར་གཞི་དེར་མངོན་གསལ་དུ་ངོ་རྒོལ་བྱས། བསྟུད་མར་ཉིན་འགའི་རིང་ལ། ཕ་ལེ་སི་ཐན་གྱི་གྲོང་ཁྱེར་མང་བོ་ནས་ཁྲོམ་སྐོར་རྔམ་སྟོན་བྱས་པ་དང་། ཕ་ལེ་སི་ཐན་གྱི་རྔམ་སྟོན་བྱེད་པའི་མང་ཚོགས་དང་དབྱི་སི་རལ་གྱི་དམག་མིའི་བར་འཁྲུག་རྩོད་བྱས་སྟེ། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་སྔར་ལས་ཀྱང་ཛ་དྲག་ཏུ་གྱུར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།