ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཕྱི་འབྲེལ་བློན་ཆེན་ཁང་ཅིན་ཧི་ཡིས་ཧན་གོ་དང་ཨ་མེ་རི་ཁའི་འགོག་སྲུང་གྲོན་དངུལ་མཉམ་བགོའི་གྲོས་མོལ་ལ་འགལ་བ་སྔར་བཞིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཕྱི་འབྲེལ་བློན་ཆེན་ཁང་ཅིན་ཧི་ཡིས་ཚེས་དྲུག་ཉིན་བསྟན་དོན། ཧན་གོ་དང་ཨ་མེ་རི་ཁའི་འགོག་སྲུང་གྲོན་དངུལ་མཉམ་བགོའི་གྲོས་མོལ་ཁྲོད་འགལ་བ་སྔར་བཞིན་ཆེན་པོ་ཡོད་ཟེར། 

ཧན་གོ་དང་ཨ་མེ་རི་ཁས་ཧན་གོ་དང་ཨ་མེ་རི་ཁའི་འགོག་སྲུང་གྲོན་དངུལ་མཉམ་བགོའི་དམིགས་བསལ་གྲོས་ཆོད་བཅུ་གཅིག་པར་གྲོས་བསྡུར་བྱེད་བཞིན་ཡོད་ཀྱང་ད་ལྟའི་བར་གྲུབ་འབྲས་ཅི་ཡང་བྱུང་མེད། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཐེངས་མང་བོར་བསྟན་དོན། ཧན་གོའི་ཕྱོགས་ཀྱིས་ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་གྲོན་དངུལ་སྔར་ལས་མང་བོ་ཁུར་དུ་ལེན་དགོས་ཟེར། ཧན་གོའི་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་ཧན་གོའི་ཕྱོགས་ཀྱིས་ད་ལོར་མེ་སྒོར་ཐེར་འབུམ་ལྔའི་འགོག་སྲུང་གྲོན་དངུལ་ཁུར་དུ་ལེན་དགོས་པར་མ་ཟད། ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་མིའི་ཁྱིམ་མིའི་བཀོད་སྒྲིག་གྲོན་དངུལ་ཡང་རྩིས་སྤྲོད་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར། 

དོན་དེའི་ཐད་ནས་ཁང་ཅིན་ཧི་ཡིས་ཚེས་དྲུག་ཉིན་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཧན་གོ་དང་ཨ་མེ་རི་ཁའི་བར་འགལ་བ་སྔར་བཞིན་ཡོད་ཀྱང་། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་ཟེར། ཁོ་མོས་བཤད་རྒྱུར། ཧན་གོའི་ཕྱོགས་ཀྱིས་ལུགས་མཐུན་དང་འདྲ་མཉམ་གྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་དང་། ད་ཡོད་ཀྱི་འགོག་སྲུང་གྲོན་དངུལ་མཉམ་བགོའི་གྲོས་ཆོད་ཀྱི་སྒྲོམ་གཞིའི་འོག་གྲོས་མཐུན་གསར་བ་འགོད་དགོས་ཟེར། 

ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་གླེང་སྐབས་ཁང་ཅིན་ཧི་ཡིས་བསྟན་དོན། ཧན་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེའི་འཕེལ་རིམ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་བར་མཉམ་ལས་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།