ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སི་དང་ཁུ་པཱ་ཡིས་མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ་ཨ་མེ་རི་ཁའི་ཁུ་པཱའི་བཀག་སྡོམ་གནད་དོན་ཐག་གཅོད་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ལྔ་ཉིན་ཁུ་པཱའི་ཤར་ཕྱོགས་ཀྱི་ཧྲིན་ཏིས་ཡཱ་ཀི་གྲོང་ཁྱེར་ནས་བསྟན་དོན། ཨུ་རུ་སི་དང་ཁུ་པཱ་ཡིས་མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ་ཨ་མེ་རི་ཁའི་ཁུ་པཱའི་བཀག་སྡོམ་གནད་དོན་ཐག་གཅོད་བྱེད་དགོས་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཚེས་ལྔ་ཉིན་གྱི་དགོང་མོར་ཧྲིན་ཏིས་ཡཱ་ཀི་རུ་འབྱོར་ནས་ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་ལ་འཚམས་འདྲི་བྱེད་མགོ་བརྩམས། ཉིན་དེའི་དགོང་མོར་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་དང་གྲོས་མོལ་བྱས་པ་དང་། ཨུ་རུ་སི་དང་ཁུ་པཱ་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་མཉམ་ལས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཨ་མེ་རི་ཁས་ཁུ་པཱའི་བཀག་སྡོམ་བྱེད་ཐབས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པའི་ཁྲིམས་འགལ་བྱ་སྤྱོད་ཐག་གཅོད་དགོས་པའི་ཚུལ་བསྟན། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་རྒྱལ་ཁབ་གཉིས་ཀྱིས་ན་ནིང་ཟླ་བཅུ་བར་བཀོད་པའི་མཉམ་ལས་གྲོས་མཐུན་མང་བོར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། 

ལོ་ཏི་ལི་ཀི་སི་ཡིས་བསྟན་དོན། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ཕན་ཚུན་བར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོར་ཁས་ལེན་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་སོ་སོ་ནས་མུ་མཐུད་དུ་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར། 

མིག་སྔར་ཁུ་པཱ་དང་ཨུ་རུ་སི་ཡིས་ལྕགས་ལམ་གྱི་དེང་རབས་ཅན་བསྒྱུར་བཅོས་དང་། སྨན་བཅོས། ལག་རྩལ་མི་སྣའི་གསོ་སྦྱོང་སོགས་ཁྱབ་ཁོངས་ནས་མཉམ་ལས་ཟབ་མོ་བྱེད་བཞིན་ཡོད། ན་ནིང་ཟླ་བཅུ་བར། སྐབས་དེའི་ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་ཡིས་ཁུ་པཱ་རུ་འཚམས་འདྲི་བྱས་ཏེ། ཚན་རྩལ་དང་མཁའ་འགྲུལ། ལྕགས་ལམ་སྐྱེལ་འདྲེན། བཟོ་ལས། སྒོ་ཁྲལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་འགའ་བཀོད་པ་རེད། 

ལཱ་ཧྥུའུ་ལོ་ཧྥུའུ་ཡི་ཐེངས་འདིའི་ལཱ་ཏེན་མེ་གླིང་གི་འགྲུལ་བཞུད་ལས་ད་རུང་མའོ་ཞི་ཁོ་དང་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།