ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ནཱ་ཅེ་ཧྥུའུ་ནས་འཁྲུག་རྩོད་བྱུང་སྟེ་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་ཆོས་ལུགས་གཙོ་འཛིན་སཱ་ཏི་ཨར་གྱི་རྒྱབ་སྐྱོར་མཁན་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་མཁན་བར་ཚེས་ལྔ་ཉིན་གྱི་དགོང་མོར་དབྱི་རག་ལྷོ་ཕྱོགས་ཀྱི་ཧྲི་ཡེ་ཕྱོགས་ཁག་གི་ལྷ་མཁར་ནཱ་ཅེ་ཧྥུའུ་ནས་འཁྲུག་རྩོད་བྱུང་སྟེ། མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ཅུ་ལྷག་ལ་རྨས་ཕོག་ཡོད་ཟེར། 

ནཱ་ཅེ་ཧྥུའུ་ཡི་ཉེན་རྟོག་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་ཉིན་དེར་ནཱ་ཅེ་ཧྥུའུ་གྲོང་ཁྱེར་ལྟེ་གནས་ཀྱི་ཐང་ཆེན་དུ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་སྤེལ། སཱ་ཏི་ཨར་གྱི་རྒྱབ་སྐྱོར་མཁན་ཐང་ཆེན་དུ་སོང་ནས་རྔམ་སྟོན་ཁྲོམ་སྐོར་མཁན་གྱི་རས་གུར་མེར་བསྲེགས་པས། ཕྱོགས་གཉིས་བར་དེའི་རྗེས་སུ་འཁྲུག་རྩོད་བྱུང་བ་རེད། ཟིང་འཁྲུག་ཁྲོད་དུ་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱིས་མེ་མདས་བརྒྱབ་སྟེ། ཕྱོགས་གཉིས་ཀྱི་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་མི་བདུན་བཅུ་ལྷག་ལ་རྨས་ཕོག་ཡོད་ཟེར། 

ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་བ་ནས་བཟུང་། དབྱི་རག་གི་ས་ཁུལ་མང་བོར་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་སྟེ། སྲིད་གཞུང་གི་རུལ་སུངས་དང་ཞབས་འདེགས་ཀྱི་ཤུགས་ཚད་ཞན་པ། ལས་ཤོར་གྱི་ཚད་མཐོ་བ་སོགས་ལ་ངོ་རྒོལ་བྱས། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་ཆབ་སྲིད་པར་མདུང་རྩེ་གཏད་ཡོད་པ་དང་། ཉིས་སྟོང་གསུམ་ལོའི་དབྱི་རག་གི་འཐབ་འཁྲུག་རྗེས་སུ་ལག་བསྟར་བྱས་པའི་ཆོས་ལུགས་ཕྱོགས་ཁག་གི་དབང་ཆ་བགོ་བའི་ལམ་ལུགས་བཅོས་བསྒྱུར་བྱེད་དགོས་པའི་རེ་བ་འདོན་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།