ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཤར་ཕྱོགས་ས་ཁུལ་དུ་གངས་ཉིལ་བའི་དོན་རྐྱེན་བྱུང་སྟེ་མི་ཉེར་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200206094159oSWp.jpg

ཟླ2པའི་ཚེས5ཉིན། རྒུད་སྐྱོབ་མི་སྣས་ཐུར་ཁེའི་ཤར་ཕྱོགས་ཀྱི་ཧྥན་ཞིང་ཆེན་ནས་གངས་ཉིལ་བའི་དོན་རྐྱེན་བྱུང་སར་རྒུད་སྐྱོབ་བྱ་བ་སྤེལ་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། ཐུར་ཁེའི་ཤར་ཕྱོགས་ཀྱི་ཧྥན་ཞིང་ཆེན་དུ་ཚེས་བཞི་ཉིན་གྱི་དགོང་མོ་དང་ཚེས་ལྔ་ཉིན་སོ་སོར་གངས་ཉིལ་བའི་དོན་རྐྱེན་ཐེངས་རེ་བྱུང་སྟེ། རྒུད་སྐྱོབ་མི་སྣ་དང་བཅས་པའི་མི་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་ཟེར། 

ཧྥན་ཞིང་ཆེན་གྱི་ཧྲིན་ཀྲང་པུས་ཨར་མེད་ཙི་ཡིས་བཤད་རྒྱུར། ཧྥན་ཞིང་ཆེན་གྱི་པཱ་ཧི་ཆེ་སཱ་ལའེ་ས་ཁུལ་དུ་ཚེས་བཞི་ཉིན་གྱི་དགོང་མོར་གངས་ཉིལ་བའི་དོན་རྐྱེན་བྱུང་སྟེ། ས་དེའི་གཞུང་ལམ་ཞིག་དང་གངས་འདེད་རླངས་འཁོར་གཅིག འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག བཟོ་སྐྲུན་འཛུགས་སྐྲུན་ཁང་སྐོར་ཞིག་གངས་ཀྱིས་མནན། མི་ཉེར་ལྔ་ཡོད་པའི་རྒུད་སྐྱོབ་ཚོགས་ཁག་ཅིག་གིས་ཚེས་ལྔ་ཉིན་གྱི་ཞོགས་པར་རྒུད་སྐྱོབ་བྱ་བ་སྤེལ་ནས་མི་བདུན་བསྐྱབས་པ་དང་། འདས་པོའི་བེམ་པོ་ལྔ་རྙེད། ཉུང་མཐར་ཡང་མི་གཉིས་སྔར་བཞིན་གངས་འོག་ཏུ་མནན་ཡོད་པ་རེད་ཟེར། 

པུས་ཨར་མེད་ཙི་ཡིས་བཤད་རྒྱུར། ཚེས་ལྔ་ཉིན་གྱི་ཉིན་གུང་། རྒུད་སྐྱོབ་བྱ་ཡུལ་དེར་ཡང་བསྐྱར་གངས་ཉིལ་བའི་དོན་རྐྱེན་བྱུང་སྟེ། མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་དམག་མི་བརྒྱད་དང་བདེ་སྲུང་མི་སྣ་གསུམ། མེ་གསོད་མི་སྣ་གསུམ་བཅས་འདུས་ཟེར། 

པཱ་ཧི་ཆེ་སཱ་ལའེ་ས་ཁུལ་ནི་ཐུར་ཁེའི་ཤར་ཕྱོགས་རི་ཁུལ་དུ་གནས་པ་དང་། དགུན་ཁར་ནམ་ཟླར་འཁྱག་གྲང་ཧ་ཅང་ཆེ། པུས་ཨར་མེད་ཙི་ཡིས་ས་ཁུལ་དེར་སྔར་བཞིན་དུ་གངས་ཉིལ་བའི་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་། 

ཐུར་ཁེའི་གནོད་འཚེ་དང་བྲེལ་མྱུར་གནས་ཚུལ་དོ་དམ་ཅུའུ་དང་སྨན་བཅོས་རྒུད་སྐྱོབ་རུ་ཁག་གངས་ཉིལ་བའི་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་འབྱོར་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།