ཀྲུང་གོ་བོད་ཀྱི་དྲ་བ།

ཕོ་ལན་གྱི་ཙུང་ཐུང་གིས་མཱ་ཆི་ཏོན་བྱང་མ་བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་ཚེས་བཞིའི་ཉིན་བཤད་རྒྱུར། ཕོ་ལན་གྱིས་མཱ་ཆི་ཏོན་བྱང་མ་བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

ཏུའུ་ཏཱ་ཡིས་ཉིན་དེར་ཧྭ་ཧྲ་ནས་འཚམས་འདྲིར་ཡོང་བའི་མཱ་ཆི་ཏོན་བྱང་མའི་ཙུང་ཐུང་ཕིན་ཏཱ་ལོ་ཧྥུའུ་སི་ཅི་ལ་ཐུག་འཕྲད་བྱས། ཁོས་གྲོས་མོལ་བྱས་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མཱ་ཆི་ཏོན་བྱང་མ་དངོས་སུ་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་དུས་ཚོད་ཐོན་ལ་ཉེ་བ་དང་། ང་ཚོས་ཚོད་དཔག་བྱས་ན་མ་འོངས་པའི་གཟའ་འཁོར་འགའི་ནང་ཞུགས་ཐུབ་ཟེར། 

ཏུའུ་ཏཱ་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་སྒོ་ཆེན་དེ་མུ་མཐུད་དུ་ཞུགས་འདོད་ཡོད་པའི་རྒྱལ་ཁབ་དག་ལ་ཡངས་པོར་ཕྱེས་ཡོད་ལ། ཁྱད་པར་དུ་དབྱིན་ཇི་དངོས་སུ་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་བའི་རྗེས་སུ་ལྷག་ཏུ་དེ་འདྲ་ཡིན་ཟེར། 

ཕིན་ཏཱ་ལོ་ཧྥུའུ་སི་ཅི་ཡིས་ཕོ་ལན་གྱིས་མཱ་ཆི་ཏོན་བྱང་མ་བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། མཱ་ཆི་ཏོན་བྱང་མས་གོང་གི་རྩ་འཛུགས་དེའི་གཉིས་ནང་ཞུགས་པའི་འཕེལ་རིམ་ཁྲོད་ངེས་པར་དུ་ཅེ་ཁི་དང་ཧང་ག་རི། ཕོ་ལན། སི་ལོ་ཝ་ཁི་བཅས་ཀྱིས་གྲུབ་པའི་ཝེ་ཞེ་ཀི་ལཱ་ཏི་སྡེ་ཚོགས་བར་མཉམ་ལས་བྱེད་དགོས་ཟེར། 

ཕིན་ཏཱ་ལོ་ཧྥུའུ་སི་ཅི་ཡིས་བཤད་རྒྱུར། མཱ་ཆི་ཏོན་བྱང་མས་ཕོ་ལན་བར་གྱི་དཔལ་འབྱོར་དང་གནས་སྐོར། བདེ་འཇགས། རྒྱལ་སྲུང་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་འབྲེལ་བ་ཟབ་མོ་མངོན་འགྱུར་བྱེད་པར་རེ་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།