ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་གྱིས་ཨར་པཱ་ནི་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་སཱ་སོ་ལེ་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། ཨར་པཱ་ནི་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་ལས་རིམ་སླར་གསོ་བྱེད་དགོས་པ་དང་། ཡོ་རོབ་གླིང་གྲོས་ཁང་གིས་ཨར་པཱ་ནི་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

སཱ་སོ་ལེ་ཡིས་ཉིན་དེར་ཨར་པཱ་ནི་ཡཱའི་ཙུང་ལི་ལཱ་མཱ་དང་གྲོས་མོལ་བྱས། ཁོས་གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ན་ནིང་ཨར་པཱ་ནི་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་ལ་བར་ཆད་ཐེབས་ཀྱང་། རྒྱལ་ཁབ་དེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་ལས་རིམ་སླར་གསོ་བྱེད་དགོས་ཟེར། 

ཁོས་བཤད་རྒྱུར། ཨར་པཱ་ནི་ཡཱ་དང་མཱ་ཆི་ཏོན་བྱང་མས་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་ཡོད་རེ་བར་བསླེབ་པར་འབད་འབུངས་བྱས་ཏེ་གྲུབ་འབྲས་ཆེན་པོ་བླངས་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་རེ་འགས་ཨར་པཱ་ནི་ཡཱའི་བཅོས་བསྒྱུར་ཐད་དོགས་གཞི་ཡོད་པའི་བསམ་ཚུལ་བསྟན་པར་དམིགས་ཏེ། ཨར་པཱ་ནི་ཡཱ་ཡིས་ལན་གསལ་བོ་བྱིན་ཡོད་པས། ཡོ་རོབ་གླིང་མནའ་འབྲེལ་གྱིས་གང་མགྱོགས་སྒོས་ཨར་པཱ་ནི་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་དགོས་ཟེར། 

ལཱ་མཱ་ཡིས་བཤད་རྒྱུར། ཨར་པཱ་ནི་ཡཱའི་མི་རྣམས་ཀྱིས་རྒྱལ་ཁབ་རང་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཉམ་འབྲེལ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། རྒྱལ་ཁབ་གང་ཞིག་གིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་མ་བརྩམས་གོང་ཨར་པཱ་ནི་ཡཱ་ལྟར་དུ་བྱ་བ་མང་བོ་བསྒྲུབ་མྱོང་མེད་པས། ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་པར་ཆོག་མཆན་ཐོབ་དགོས་ཟེར། 

སཱ་སོ་ལེ་ཚེས་གསུམ་ཉིན་ཏིས་ལཱ་ནཱ་རུ་འབྱོར་ནས་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། ཁོས་ཉིན་དེར་ཨར་པཱ་ནི་ཡཱའི་ཙུང་ཐུང་མེ་ཐཱ་དང་གྲོས་དཔོན་ལུའུ་ཆི་གཉིས་དང་གྲོས་མོལ་བྱས། ཚེས་བཞིའི་ཉིན་ཁོས་ཨར་པཱ་ནི་ཡཱའི་ངོ་རྒོལ་ཏང་གི་མགོ་ཁྲིད་པ་དང་གྲོས་མོལ་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།