ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་ཡིས་ཨ་ཧྥེ་རི་ཁ་ནུབ་མའི་སཱ་ཧི་ལེ་ས་ཁུལ་དུ་དམག་མི་དྲུག་བརྒྱ་ཁ་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་དྲག་ཆས་སྟོབས་ཤུགས་ཀྱི་པུའུ་ཀྲང་ཕཱ་ལེ་ཡིས་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། ཧྥ་རན་སི་ཡིས་ཨ་ཧྥེ་རི་ཁའི་སཱ་ཧི་ལེ་ས་ཁུལ་དུ་དམག་མི་དྲུག་བརྒྱ་ཁ་སྣོན་བྱས་ཏེ་ཐལ་སྤྱོད་སྟོབས་ཤུགས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར། 

ཕཱ་ལེ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཁ་སྣོན་བྱས་པའི་དམག་མི་མང་ཆེ་བ་ཟླ་འདིའི་ཟླ་མཇུག་ཏུ་མཱ་ལི་དང་པུའུ་ཁི་ནཱ་ཧྥ་སོ། ནེ་ཀྲིར་བཅས་རྒྱལ་ཁབ་གསུམ་གྱི་འབྲེལ་མཚམས་ས་ཁུལ་དུ་འབྱོར་སྲིད་པ་དང་། མི་སྣ་སྐོར་ཞིག་ཐད་ཀར་དུ་སཱ་ཧི་ལེའི་རྒྱལ་ཁབ་ལྔའི་སྡེ་ཚོགས་ཀྱི་མཉམ་འབྲེལ་དམག་དཔུང་དང་མཉམ་དུ་འཐབ་འཁྲུག་ལ་ཞུགས་རྒྱུ་རེད། 

པུའུ་ཁི་ནཱ་ཧྥ་སོ་དང་ཀྲ་ཏི། མཱ་ལི། མའོ་ལི་ཐཱ་ནི་ཡཱ། ནེ་ཀྲིར་བཅས་ཀྱིས་ཉིས་སྟོང་བཅུ་བཞིའི་ལོར་སཱ་ཧི་ལེའི་རྒྱལ་ཁབ་ལྔའི་སྡེ་ཚོགས་བཙུགས་པ་དང་། ཉིས་སྟོང་བཅུ་བདུན་ལོར་མཉམ་འབྲེལ་དམག་དཔུང་རྩ་འཛུགས་བྱས། ཧྥ་རན་སི་ཡིས་ཉིས་སྟོང་བཅུ་བཞིའི་ལོར་ཟླ་གསར་དབྱིབས་ཀྱི་བྱེ་སྒང་ཞེས་པའི་འགུལ་སྐྱོད་སྤེལ་མགོ་བརྩམས་ཏེ། སཱ་ཧི་ལེ་ས་ཁུལ་དུ་དམག་དཔུང་མངག་གཏོང་བྱས་པ་དང་། མཉམ་འབྲེལ་དམག་དཔུང་དང་མཉམ་དུ་ཐལ་སྤྱོད་རིང་ལུགས་ལ་ཆམ་ཕབ་གཏོང་བཞིན་ཡོད། 

ཨ་ཧྥེ་རི་ཁ་ནུབ་མའི་སཱ་ཧི་ལེ་ས་ཁུལ་ནི་སཱ་ཧཱ་ལཱ་བྱེ་ཐང་དང་དབུས་ཕྱོགས་ཀྱི་སུའུ་ཏན་རྩ་ཐང་བར་དུ་ཡོད་ཅིང་། སེ་ནེ་ཀལ་དང་མའོ་ལི་ཐཱ་ནི་ཡཱ། མཱ་ལི། པུའུ་ཁི་ནཱ་ཧྥ་སོ། ནེ་ཀྲིར་བཅས་རྒྱལ་ཁབ་འདུས། ས་ཁུལ་དེར་དབུལ་ཕོངས་དང་དྲག་ཆས་འཁྲུག་རྩོད། རང་བྱུང་གནོད་འཚེ་བཅས་ཀྱི་གནོད་པ་ཚབས་ཆེན་ཐེབས་ཡོད་ལ། ད་ལྟའི་དུས་རིམ་དུ་ཨ་ཧྥེ་རི་ཁ་གླིང་གི་འཇིགས་སྐུལ་རིང་ལུགས་ཆེས་ཆེར་འགུལ་སྐྱོད་བྱེད་པའི་ས་ཁུལ་ཞིག་ཏུ་གྱུར་ཡོད། 

ཁ་སྣོན་བྱས་པའི་དམག་དཔུང་སཱ་ཧི་ལེ་ས་ཁུལ་དུ་འབྱོར་རྗེས། ཧྥ་རན་སི་ཡིས་གནས་དེར་བཀོད་སྒྲིག་བྱས་པའི་དམག་མིའི་ཁ་གྲངས་སྟོང་ལྔ་དང་བརྒྱར་བསླེབ་སྲིད། ཧྥ་རན་སིའི་དམག་ཕྱོགས་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཁྲབ་ལྡན་འཁོར་ལོ་བརྒྱ་ཙམ་ས་ཁུལ་དུ་འབྱོར་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།