ཀྲུང་གོ་བོད་ཀྱི་དྲ་བ།

ཕོ་ལན་དང་ཨ་མེ་རི་ཁསF-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཉོ་བསྡུ་བྱེད་པའི་གན་རྒྱ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕོ་ལན་གྱིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་ཨ་མེ་རི་ཁའི་བར་གན་རྒྱ་བཀོད་པ་དང་། མེ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་དྲུག་བཏང་ནསF-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སོ་གཉིས་ཉོ་བསྡུ་བྱེད་རྒྱུ་རེད། 

གན་རྒྱ་འགོད་པའི་མཛད་སྒོ་དེ་ཕོ་ལན་ཤར་ཕྱོགས་ཀྱི་ཏིན་པུའུ་ལིན་གྲོང་ཁྱེར་གྱི་མཁའ་དམག་རྟེན་གཞི་ནས་སྤེལ་བ་དང་། ཕོ་ལན་གྱི་རྒྱལ་སྲུང་བློན་ཆེན་པུའུ་ལཱ་ཧྲི་ཆཱ་ཁི་ཡིས་གན་རྒྱ་འགོད་པའི་མཛད་སྒོའི་སྟེང་བཤད་རྒྱུར། F-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཉོ་བསྡུ་བྱས་ན་ཕོ་ལན་དམག་དཔུང་གི་ནུས་པ་ལྡབ་འགྱུར་གྱིས་ཇེ་ཆེར་འགྲོ་སྲིད་པ་དང་། ཕོ་ལན་མཁའ་དམག་གི་འཕེལ་རྒྱས་དེ་ཡང་དུས་རིམ་གསར་བ་ཞིག་ཏུ་བསླེབ་སྲིད་ཟེར། 

བསྒྲགས་པ་ལྟར་ན། ཕོ་ལན་གྱིས་ཉོ་བསྡུ་བྱེད་པའིF-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སོ་གཉིས་ཁྲོད་ཀྱི་སྐོར་ཐེངས་ཐོག་མ་དེ་ཉིས་སྟོང་ཉེར་བཞི་ལོར་རྩིས་སྤྲོད་བྱེད་རྒྱུ་ཡིན་ཡང་། ཨ་མེ་རི་ཁ་ནས་བཞག་སྟེ་ཕོ་ལན་གྱི་གནམ་གྲུའི་ཁ་ལོ་བ་དང་བཟོ་སྐྲུན་པར་སྦྱོང་བརྡར་བྱེད་པའི་ཐད་བཀོལ་རྒྱུ་རེད། 

F-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ནི་ཨ་མེ་རི་ཁ་དང་མནའ་མཐུན་རྒྱལ་ཁབ་སྐོར་ཞིག་གིས་མཉམ་ལས་བྱས་ཏེ་ཞིབ་འཇུག་གསར་སྤེལ་བྱས་པའི་རབས་ལྔ་བའི་སྤྱོད་སྒོ་མང་བའི་འཐབ་འཛིང་གནམ་གྲུ་ཞིག་ཡིན་པ་དང་། མཁའ་འགྲུལ་གྱི་སྒྲིག་ཆས་གསར་བ་སྒྲིག་སྦྱོར་བྱས་ཡོད་ལ། ལོས་ཏཱ་དང་གཡོལ་བའི་ནུས་པ་ལྡན་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།