ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མི་ཀི་ལའོ་ཡིས་ཚེས་ཉེར་དགུའི་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་བཤད་རྒྱུར། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་འཁྲུག་རྩོད་མཚམས་འཇོག་པའི་ལམ་ལུགས་བརྩི་སྲུང་བྱེད་དགོས་ཟེར། 

ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཉིན་དེར་རྒྱུན་ལྡན་གྱི་གྲོས་མོལ་སྤེལ་ཏེ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་དམག་དོན་བཅའ་སྡོད་བྱེད་ས་མང་བོ་ནས་ཕྱིར་འཐེན་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། 

ཀི་ལའོ་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཉིན་དེའི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་དང་དེའི་བྱ་བའི་ཚན་ཆུང་གིས་གཙོ་བོ་ཅང་མ་འགོར་བའི་སྔོན་ཨུ་རུ་སི་དང་འཇར་མན། ཧྥ་རན་སི། ཝུའུ་ཁི་ལན་བཅས་རྒྱལ་ཁབ་བཞིའི་ནོའུ་མན་ཏིས་རྣམ་པའི་ཕཱ་རེ་སིའི་མཐོ་རིམ་གྲོས་ཚོགས་ནས་བཀོད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབ་བྱེད་པར་གྲོས་བསྡུར་བྱས། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་བདེ་འཇགས་བྱ་བའི་ཚན་ཆུང་གི་གྲོས་མོལ་ནས་དམག་དོན་བཅའ་སྡོད་བྱེད་ས་མང་བོ་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་གནད་དོན་ལ་གཅིག་གྱུར་གྲོས་འཆམ་བྱུང་མེད་ལ། ཕྱོགས་སོ་སོས་ཐེངས་རྗེས་མའི་གྲོས་མོལ་ཁྲོད་མུ་མཐུད་དུ་དོན་དེར་གྲོས་མོལ་བྱེད་རྒྱུ་ཐག་བཅད། 

ཀི་ལའོ་ཡིས་ཕྱོགས་སོ་སོས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་འཁྲུག་རྩོད་མཚམས་འཇོག་པའི་ལམ་ལུགས་བརྩི་སྲུང་བྱེད་དགོས་པར་མ་ཟད་ས་འོག་འགད་རྫས་གཙང་སེལ་བྱེད་པའི་བྱ་བར་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ཝུའུ་ཁི་ལན་དུ་སྡོད་པའི་དམིགས་བསལ་ལྟ་ཞིབ་ཚོགས་པའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པ་ནན་བཤད་བྱས་པ་དང་། དེ་ནི་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་མི་སེར་དཀྱུས་མར་ཤི་རྨས་ཐེབས་པར་སྔོན་འགོག་བྱེད་པ་དང་ཞི་བའི་སྒོ་ནས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པར་འདོད། 

ཁོ་མོས་མཚམས་སྦྱོར་བྱས་པ་ལྟར་ན། ཉིན་དེར་སྤེལ་བའི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་བྱ་བའི་ཚན་ཆུང་གཞན་པའི་གྲོས་མོལ་ཁྲོད། ཕྱོགས་སོ་སོས་གཙོ་བོ་གར་སོང་མ་རྙེད་པའི་མི་སྣ་འཚོལ་ཞིབ་བྱེད་པ་དང་། འབྲེལ་འདྲིས་རྒྱལ་མཚམས་བརྒལ་བའི་འཐུང་ཆུའི་མཁོ་འདོན། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་དམིགས་བསལ་གོ་གནས། ཧྲི་ཐེ་ཡུན་མེད་ཨར་རྣམ་པའི་མ་ཡིག་སོགས་གནད་དོན་ལ་གྲོས་བསྡུར་བྱས་པ་རེད། 

རྩོམ་སྒྲིག་པ། : འབུམ་པ་རྒྱལ།