ཀྲུང་གོ་བོད་ཀྱི་དྲ་བ།

ཁུ་པཱ་དང་ཡཱ་མེད་ཅཱ་བར་གྱི་མཚོ་ཁོངས་སུ་ཚད་རིམ་བདུན་དང་གྲངས་ཆུང་བདུན་གྱི་ས་འགུལ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུ་པཱ་དང་ཡཱ་མེད་ཅཱ་བར་གྱི་མཚོ་ཁོངས་སུ་ཚེས་ཉེར་བརྒྱད་ཉིན་ཚད་རིམ་བདུན་དང་གྲངས་ཆུང་བདུན་གྱི་ས་འགུལ་བྱུང་། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད། 

བསྒྲགས་པ་ལྟར་ན། ས་འགུལ་དེ་པེ་ཅིང་གི་དུས་ཚོད་ཚེས་ཉེར་དགུ་ཉིན་གྱི་ཞོགས་པའི་དུས་ཚོད་གསུམ་དང་སྐར་མ་བཅུའི་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་དེ་ཡཱ་མེད་ཅཱའི་ནུབ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ལུའུ་ཞིའི་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ་བརྒྱ་དང་ཉེར་ལྔའི་མཚམས་ཀྱི་མཚོ་ཁོངས་ཡིན་ལ། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་ཡོད་ཟེར། 

ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ཡིས་དེའི་སྔོན་བསྒྲགས་པ་ལྟར་ན་ཐེངས་འདིའི་ས་འགུལ་གྱི་ཚད་རིམ་བདུན་དང་གྲངས་ཆུང་གསུམ་ཡིན་པར་བསྒྲགས་ཀྱང་། དེའི་རྗེས་སུ་ཚད་རིམ་བདུན་དང་གྲངས་ཆུང་བདུན་དུ་བཟོ་བཅོས་བྱས་པ་རེད། 

རྒྱལ་སྤྱིའི་མཚོ་འཕྱུར་གསང་འཕྲིན་ལྟེ་གནས་ཀྱིས་ས་འགུལ་བྱུང་རྗེས་ཉེན་བརྡ་བཏང་སྟེ། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་པའོ་ལེ་ཙི་དང་ཁུ་པཱ། ཧོང་ཏུའུ་ར་སི། མའོ་ཞི་ཁོ། ཁའེ་མན་གླིང་ཚོམས། ཡཱ་མེད་ཅཱ་བཅས་ཀྱི་མཚོ་འགྲམ་དུ་མཐོ་ཚད་ལ་རྨིད་གཅིག་ཡོད་པའི་རྒྱ་མཚོ་འཕྱུར་བའི་སྣང་ཚུལ་འབྱུང་སྲིད་པར་བཤད་ཀྱང་། མཚོ་འཕྱུར་ཉེན་བརྡ་དེ་ཅང་མ་འགོར་བར་རྩིས་མེད་དུ་བཏང་བ་རེད། 

ཀུ་པཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཁུ་པཱའི་ཀོན་ཐཱ་ནཱ་མའོ་དང་། ཧྲིན་ཏིས་ཡཱ་ཀི། ཧཱ་ཝ་ནཱ་སོགས་ས་ཁུལ་དུའང་ས་འགུལ་གྱི་ཚོར་སྣང་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།