ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཨ་ལེ་ཕའོ་ནུབ་མཐའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པར་མེ་སྒྱོགས་ཀྱིས་འཇབ་རྒོལ་དྲག་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་ལྔ་ཉིན་གྱི་ནམ་གུང་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་ཞིང་ཆེན་ལྟེ་གནས་ཀྱི་ཨ་ལེ་ཕའོ་གྲོང་ཁྱེར་ནུབ་མཐའ་རུ་འདུས་པའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པར་གཞི་རྒྱ་ཆེ་བའི་མེ་སྒྱོགས་ཀྱིས་འཇབ་རྒོལ་བྱས་ཏེ། འགོག་སྲུང་བཟོ་སྐྲུན་ལ་གཏོར་བརླག་བཏང་བ་དང་། ཨ་ལེ་ཕའོ་ནུབ་མཐའ་རུ་ཡོད་པའི་འཇིགས་སྐུལ་ཉེས་ཅན་གྱི་འགོག་སྲུང་ལམ་ཐིག་ལ་གཏོར་བཤིག་ཐེབས་པར་བྱས། 

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཉིན་དེའི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། དབང་བསྡུའི་འཐབ་ཕྱོགས་ཞེས་པའི་ཐལ་སྤྱོད་རྩ་འཛུགས་གཙོ་བྱས་པའི་དྲག་ཆས་རྩ་འཛུགས་ཀྱིས་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་ས་ཁུལ་གྱི་གྲོས་མཐུན་ལ་གཏོར་བརླག་བྱས་ཤིང་། དབྱི་ཏི་ལེ་པུའུ་ཞིང་ཆེན་དང་ཨ་ལེ་ཕའོ་ཞིང་ཆེན་གྱི་སྡོད་ཁུལ་དང་སྲིད་གཞུང་དམག་དཔུང་གི་སྡོད་གནས་ལ་འཇབ་རྒོལ་བྱས་ཏེ། མི་སྣར་ཤི་རྨས་བཟོས་པ་དང་། འཇིགས་དངངས་བཟོས། དམག་ཕྱོགས་ཀྱིས་སྣང་ཚུལ་དེ་འདྲ་མུ་མཐུད་འབྱུང་དུ་འཇུག་མི་སྲིད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་མུ་མཐུད་དུ་ཨ་ལེ་ཕའོ་དང་དབྱི་ཏི་ལེ་པུའུ་རུ་དམག་དོན་འགུལ་སྐྱོད་སྤེལ་ཏེ། དྲག་ཆས་རྩ་འཛུགས་ཀྱིས་ས་ཁུལ་དེའི་མི་སེར་དཀྱུས་མར་འཇབ་རྒོལ་བྱེད་མཚམས་འཇོག་ཏུ་བཅུག་པ་དང་། མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བ་སླར་གསོ་བྱས། 

ཉིན་དེར། སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བསྐུར་བའི་འཕྲིན་ཡིག་ནང་བསྟན་དོན། སི་རི་ཡཱའི་དམག་ཕྱོགས་ཀྱིས་ཨ་ལེ་ཕའོ་དང་དབྱེ་ཏི་ལེ་པུའུ་ནས་དམག་དོན་འགུལ་སྐྱོད་སྤེལ་བ་ནི་སི་རི་ཡཱའི་རྒྱལ་དམངས་ཀྱིས་རེ་བ་བཏོན་པ་ལྟར་འཇིགས་སྐུལ་རྩ་འཛུགས་ཀྱི་ཉེས་སྤྱོད་ལ་རྒོལ་ལན་སྤྲད་པ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།