ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཧྥ་རན་སི་ཡིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རོགས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་ཉེར་གཉིས་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཐུག་འཕྲད་བྱས་ཏེ། ཧྥ་རན་སིའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་གཞིར་བཟུང་ནས་མཚམས་ཆད་ནས་ལོ་དྲུག་ཙམ་འགོར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། 

བསྒྲགས་པ་ལྟར་ན། དེ་ནི་མཱ་ཁི་ལུང་གིས་ཉིས་སྟོང་བཅུ་བདུན་ལོར་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ཕཱ་ལེ་སི་ཐན་དུ་འཚམས་འདྲི་བྱས་པ་རེད། ཨ་པཱ་སི་ཡིས་བསྟན་དོན། དབྱི་སི་རལ་ཕྱོགས་ཀྱིས་མཐུན་སྦྱོར་བྱེད་མ་འདོད་པས། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་དེ་ཛ་དྲག་གི་གནས་སུ་ལྷུང་བ་རེད། ཨ་མེ་རི་ཁའི་སྲིད་གཞུང་གིས་དབྱི་སི་ལན་ཕྱོགས་ལ་འགེབས་སྲུང་བྱེད་དྲག་པས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་གྱི་འདུམ་འགྲིག་པའི་ཐོབ་ཐང་ཉམས་པར་གྱུར་བ་རེད་ཟེར། 

ཨ་པཱ་སི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལ་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གི་ཁས་ལེན་ཐོབ་པར་རེ་བཞིན་ཡོད། ཧྥ་རན་སི་ཡིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱེད་པ་དང་། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱེད་པའི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་ཡོད། དེ་ནི་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་ཐར་ལམ་ངོ་མ་ཡིན་པ་དང་། ང་ཚོའི་མི་དམངས་ལ་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པའི་རེ་བ་སྦྱིན་ངེས་ཡིན་ཟེར།

ཨ་པཱ་སི་ཡིས་ད་རུང་བསྟན་དོན། ཧྥ་རན་སི་དང་ཡོ་རོབ་གླིང་རྒྱལ་ཁབ་ཀྱིས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས། ཕཱ་ལེ་སི་ཐན་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་འདེམ་བསྐོ་དང་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ཡེ་ལུའུ་སཱ་ལེམ་ཤར་མ་དང་བཅས་པའི་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་ནས་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས་ཟེར། 

མཱ་ཁི་ལུང་གིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་རྨང་གཞིར་བྱས་པའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས་པ་དང་། ཧྥ་རན་སིའི་ཕྱོགས་ཀྱིས་མུ་མཐུད་དུ་ཕཱ་ལེ་སི་ཐན་མི་དམངས་ཀྱི་ལས་ཁུངས་འཛུགས་སྐྲུན་དང་དཔལ་འབྱོར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ནན་བཤད་བྱས།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།