ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ས་ཁུལ་མང་བོ་ནས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་སྟེ་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་སུམ་ཅུར་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ས་ཁུལ་མང་བོ་ནས་ཚེས་བཅུ་དགུའི་ཉིན་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་སྟེ། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། ཉུང་མཐར་ཡང་མི་སུམ་ཅུར་རྨས་ཕོག་ཟེར། 

དབྱི་རག་ནང་སྲིད་པུའུ་ཡི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། རྔམ་སྟོན་ཁྲོམ་སྐོར་མཁན་བརྒྱ་ཕྲག་འགའ་ཡིས་ཉིན་དེར་པཱ་ཀ་ཏཱའི་གྲོང་ཁྱེར་ལྟེ་གནས་ཀྱི་བཅིངས་འགྲོལ་ཐང་ཆེན་ཉེ་འདབས་སུ་འདུ་ཚོགས་བསྡུས་ཏེ། ཁོ་ཚོས་སྐྱ་བ་མེར་བསྲེག་པ་དང་གཞུང་ལམ་གཙོ་བོར་བཀག་སྡོམ་བྱས། དེའི་རྗེས་སུ་རྔམ་སྟོན་ཁྲོམ་སྐོར་མཁན་དང་འགས་གཏོར་འགོག་སྲུང་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་བ་དང་། འཁྲུག་རྩོད་དེ་ལས་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། ཉུང་མཐར་ཡང་མི་སུམ་ཅུར་རྨས་ཕོག་ཡོད་ཟེར། 

དབྱི་རག་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་རག་ལྷོ་ཕྱོགས་ཀྱི་ཅི་ཅཱ་ཨར་དང་པཱ་ཧྲི་ལཱ་སོགས་ཞིང་ཆེན་དུའང་ཉིན་དེར་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་ཡོད་ཟེར། 

ཟླ་འདིའི་ཚེས་བཅུ་གསུམ་ཉིན། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་ཆབ་སྲིད་ཕྱོགས་ཁག་སོ་སོས་གཟའ་འཁོར་གཅིག་གི་ནང་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་དགོས་པའི་རེ་བ་བཏོན་པ་དང་གལ་སྲིད་དེ་ལྟར་མ་བྱས་ན། ཁོ་ཚོས་མུ་མཐུད་དུ་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།