ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་ལྔ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་མཁའ་དམག་གིས་ཚེས་བཅུ་བདུན་ཉིན་སོ་སོར་ནུབ་ཕྱོགས་ཀྱི་ནེ་མུའུ་ལུའུ་ཙི་ཞིང་ཆེན་དང་ཤར་ཕྱོགས་ཀྱི་ཧའོ་སི་ཐི་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་སྤེལ་ཏེ། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་ལྔ་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་མཁའ་དམག་གིས་ཚེས་བཅུ་བདུན་ཉིན་ནེ་མུའུ་ལུའུ་ཙི་ཞིང་ཆེན་གྱི་ཏིས་ལཱ་ལཱ་མུའུ་ས་ཁུལ་དང་ཧའོ་སི་ཐི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧའོ་སི་ཐིའི་ཉེ་འདབས་ཀྱི་ཐཱ་ལེ་པན་གྱི་སྦས་སྐོང་བྱེད་ས་མང་བོར་བར་སྣང་འཇབ་རྒོལ་བྱས། ནེ་མུའུ་ལུའུ་ཙི་ཞིང་ཆེན་ནས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གཉིས་བསད་པ་དང་། དེའི་ནང་ས་དེའི་ཐཱ་ལེ་པན་གྱི་མགོ་བ་གཅིག་འདུས། ཧའོ་སི་ཐི་ཞིང་ཆེན་ནས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གསུམ་བསད་ཡོད་ཟེར། 

ཉེ་སྔོན། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཐཱ་ལེ་པན་དྲག་ཆས་པར་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་། ཟླ་དང་པོའི་ཚེས་ལྔ་ཉིན། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཁོན་ཏུའུ་ཧྲི་ཞིང་ཆེན་གྱི་ཐཱ་ལེ་པན་གྱི་སྦས་སྐོང་བྱེད་ས་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། དྲག་ཆས་ཉེས་ཅན་ལྔ་བསད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།