ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་འཇར་མན། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱིས་ཡང་བསྐྱར་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་བརྩི་སྲུང་བྱེད་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སི་དང་འཇར་མན། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཚེས་བཅུ་བཞིའི་ཉིན་ཕཱ་རེ་སི་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་ཁྲོད་ཁས་ལེན་བྱས་པའི་དམ་བཅའ་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་ལས་ཉིང་རྡུལ་ནུས་པ་རྒྱ་ཡན་དུ་མི་གཏོང་བའི་མ་ལག་ལ་སྲུང་སྐྱོབ་བྱས་ཏེ་དབྱི་ལིང་གིས་དུས་གཏན་དུ་ཉིང་རྡུལ་ནུས་པའི་མཚོན་ཆ་གསར་གཏོད་མི་བྱེད་པར་འགན་སྲུང་བྱེད་པ་དེ་ཧྥ་རན་སི་དང་འཇར་མན། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་དང་ཡོ་རོབ་གླིང་གི་གྲོགས་པོའི་རྒྱལ་ཁབ་གཞན་པའི་ཐུན་མོང་བདེ་འཇགས་ཀྱི་གཞི་རྩའི་ཁེ་ཕན་དང་འཚམ་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གསུམ་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནི་ཕྱོགས་མང་བོའི་ཕྱི་འབྲེལ་དང་ཉིང་རྡུལ་ནུས་པ་རྒྱ་ཡན་དུ་མི་གཏོང་བའི་མ་ལག་འཛུགས་སྐྲུན་ཁྲོད་བླངས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པར་ཡིད་ཆེས་བྱས་ཡོད་ལ། དབྱི་ལིང་གིས་ཞི་བདེ་ངང་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཟེར་ཡང་། རྒྱལ་ཁབ་གསུམ་གྱིས་ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་འབུད་རྒྱུ་ཐག་བཅད་དེ་དབྱི་ལིང་གི་བཀག་སྡོམ་སླར་གསོ་བྱས་པར་སེམས་ཁུར་བྱེད་པའི་ཚུལ་བསྟན། 

གསལ་སྒྲོག་ལས་བཤད་རྒྱུར། དབྱི་ལིང་གིས་ཉིས་སྟོང་བཅུ་དགུ་ལོར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་ནང་དོན་ཁག་ཅིག་ལག་བསྟར་བྱེད་མཚམས་བཞག་པའི་ཚུན་ལ། ཧྥ་རན་སི་དང་འཇར་མན། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱིས་ནམ་རྒྱུན་དབྱི་ལིང་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། དབྱི་ལིང་གིས་ལངས་ཕྱོགས་བསྒྱུར་དུ་འཇུག་རྩིས་བྱས། རྒྱལ་ཁབ་གསུམ་གྱིས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་ལིང་དང་ཨ་མེ་རི་ཁས་ཡང་བསྐྱར་གྲོས་མོལ་བྱས་ཏེ་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱེད་པར་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་གབསྟན། 

གསལ་སྒྲོག་ལས་བཤད་རྒྱུར། གལ་ཏེ་དབྱི་ལིང་གིས་ཨུ་ཚུགས་མཐར་བསྐྱེད་བྱས་ན་རྒྱལ་ཁབ་གསུམ་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་སྒྲོམ་གཞིའི་ནང་བྱེད་ཐབས་མི་སྤྱོད་ཐབས་མེད་ཡིན་ཞིང་། ཁྱད་པར་དུ་རྩོད་གླེང་ཐག་གཅོད་བྱེད་པའི་རྐྱེན་སྲོལ་འཛུགས་སྲིད་པ་དང་། རྒྱལ་ཁབ་གསུམ་གྱིས་དབྱི་ལིང་ལ་གནོན་ཤུགས་ཆེན་པོ་སྟེར་འདོད་མེད་པ་དང་། ཡིན་ངོ་མ་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་པ་དང་། འཛུགས་སྐྲུན་རང་བཞིན་ལྡན་པའི་ཕྱི་འབྲེལ་གྱི་གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱས་ཏེ། དབྱི་ལིང་ཡང་བསྐྱར་ཉིང་རྡུལ་ནུས་པའི་གྲོས་མཐུན་བརྩི་སྲུང་བྱེད་པའི་ལམ་དུ་ཞུགས་པའི་རེ་བ་བཅངས་ཡོད་པ་ནན་བཤད་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།