ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཙུང་ཐུང་གིས་སི་རི་ཡཱའི་ཙུང་ལི་ལ་ཐུག་འཕྲད་བྱས་ཏེ་ཨ་མེ་རི་ཁའི་དམག་དཔུང་མཐར་སྐྲོད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་འཕྲིན་གཏོང་ཁང་གིས་ཚེས་བཅུ་བཞིའི་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་སི་རི་ཡཱའི་ཙུང་ལི་ཧཱ་མུས་སི་ལ་ཐུག་འཕྲད་བྱེད་སྐབས་ཨ་མེ་རི་ཁའི་དམག་དཔུང་རང་གི་ས་ཁོངས་ནས་མཐར་སྐྲོད་གཏོང་དགོས་པའི་འབོད་སྐུལ་བཏང་། 

ལུའུ་ཧཱ་ནེ་ཡིས་ཐུག་འཕྲད་བྱེད་སྐབས་བསྟན་དོན། ས་ཁུལ་རང་གི་རྒྱལ་ཁབ་སོ་སོས་རང་ནུས་ཅི་ལྕོགས་ཀྱིས་ཨ་མེ་རི་ཁས་དབུས་ཤར་ས་ཁུལ་དུ་དམག་དཔུང་བཀོད་སྒྲིག་བྱེད་པར་བཀག་འགོག་བྱས་ཏེ། བཙན་བཟུང་མཁན་མཐར་སྐྲོད་གཏོང་དགོས་ཟེར། 

ཧཱ་མུས་སི་ཡིས་བཤད་རྒྱུར། ཨ་མེ་རི་ཁས་སི་རི་ཡཱ་རུ་དམག་དཔུང་བཀོད་སྒྲིག་བྱས་པ་ནི་མངོན་སུམ་འཛེམ་མེད་ཀྱི་བཙན་བཟུང་བྱ་སྤྱོད་ཅིག་རེད་ཟེར། ཁོས་ཀྱང་ས་ཁུལ་རང་གི་རྒྱལ་ཁབ་སོ་སོས་ཨ་མེ་རི་ཁའི་དམག་དཔུང་གི་ཁྲིམས་འགལ་བྱ་སྤྱོད་ལ་བཀག་འགོག་བྱས་ཏེ། ཨ་མེ་རི་ཁའི་དམག་དཔུང་མཐར་སྐྲོད་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཧཱ་མུས་སི་ཡིས་དབྱི་ལིང་གིས་ནམ་རྒྱུན་སི་རི་ཡཱའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། དབྱི་ལིང་ལ་སི་རི་ཡཱའི་འཐབ་འཁྲུག་རྗེས་ཀྱི་བསྐྱར་འཛུགས་ཁྲོད་ཁྱད་དབང་ཡོད་ལ། སི་རི་ཡཱ་ཡིས་དབྱི་ལིང་གི་ཀུང་ཟི་དང་ཁེ་ལས་གདན་ཞུ་བྱས་ཏེ་སི་རི་ཡཱའི་རྒྱལ་ནང་གི་རིགས་སྣ་ཚོགས་ཀྱི་ལས་གཞིའི་ནང་ཞུགས་སུ་འཇུག་རྒྱུ་ཡིན་ཟེར། 

ཧཱ་མུས་སི་ཡིས་འཐུས་ཚབ་ཚོགས་པ་ཁྲིད་དེ་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དུ་འབྱོར་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་གྱི་གནས་བབ་ཐད་ནས་དབྱི་ལིང་གི་མགོ་ཁྲིད་པའི་བར་གྲོས་མོལ་བྱས། ཁོ་དང་མཉམ་དུ་ཡོང་མཁན་ལ་ད་རུང་སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་སོགས་མཐོ་རིམ་དཔོན་རིགས་འདུས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།