ཀྲུང་གོ་བོད་ཀྱི་དྲ་བ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧི་ཐེ་ཏཱའི་གྲོས་མཐུན་རོགས་སྐྱོར་ཚོགས་པའི་འགན་ཡུན་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་གསུམ་ཉིན་གྲོས་ཆོད་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧི་ཐེ་ཏཱའི་གྲོས་མཐུན་རོགས་སྐྱོར་ཆེད་མངག་ཚོགས་པའི་འགན་ཡུན་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་བར་ཟླ་ངོ་དྲུག་གིས་ཇེ་རིང་དུ་གཏོང་རྒྱུ་ཡིན་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་གྲོས་ཆོད་གཉིས་ལྔ་ཐིག་བཞི་ལ་གྲོས་མཐུན་བཀོད་དེ། མུ་མཐུད་དུ་ཧི་ཐེ་ཏཱའི་གྲོས་མཐུན་རོགས་སྐྱོར་ཆེད་མངག་ཚོགས་པས་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་ལ་ཡང་བསྐྱར་མགོ་ཁྲིད་དང་ཡང་བསྐྱར་བཀོད་སྒྲིག་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་སོ་སོས་ཡེ་མིན་གྱི་ཧི་ཐེ་ཏཱ་ཞིང་ཆེན་ནས་འཁྲུག་རྩོད་མཚམས་འཇོག་པ་དང་ཧི་ཐེ་ཏཱ་གྲོང་ཁྱེར་དང་ཧི་ཐེ་ཏཱ་སོགས་གྲུ་ཁ་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་པ། ཕྱོགས་སོ་སོའི་བར་མཉམ་ལས་བྱས་ཏེ་ཧི་ཐེ་ཏཱ་གྲོང་ཁྱེར་དང་ཧི་ཐེ་ཏཱ་སོགས་གྲུ་ཁའི་བདེ་འཇགས་ཀྱི་འགན་སྲུང་བྱ་བ་དེ་ས་གནས་རང་གི་བདེ་འཇགས་དམག་དཔུང་གིས་ལག་བསྟར་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧི་ཐེ་ཏཱའི་གྲོས་མཐུན་ལ་འབྲེལ་བ་ཡོད་པའི་རོགས་སྐྱོར་བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་དབང་ཆ་བསྩལ། 

གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཟླ་རེ་བཞིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ཧི་ཐེ་ཏཱའི་གྲོས་མཐུན་དངོས་འབེབ་བྱས་པའི་གནས་ཚུལ་སྙན་ཞུ་བྱེད་པ་དང་། ཆེས་ཕྱིས་ན་རོགས་སྐྱོར་ཆེད་མངག་ཚོགས་པའི་འགན་ཡུན་གསར་བ་ལོངས་ལ་ཉེ་བའི་ཟླ་ངོ་གཅིག་གི་སྔོན་དུ་རོགས་སྐྱོར་ཆེད་མངག་ཚོགས་པའི་བྱ་བའི་དཔྱད་ཞིབ་སྙན་ཞུ་ཞིག་སྤྲོད་དགོས་པའི་རེ་བ་བཏོན། 

ཧི་ཐེ་ཏཱའི་གྲོས་མཐུན་ནི་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པར་ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་འཁྲུག་རྩོད་མཚམས་འཇོག་པ་དང་དམག་དཔུང་ཕྱིར་འཐེན་བྱེད་པའི་ཐད་ནས་གྲོས་མཐུན་བཀོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧི་ཐེ་ཏཱའི་གྲོས་མཐུན་རོགས་སྐྱོར་ཆེད་མངག་ཚོགས་པ་བཙུགས་ཏེ། གྲོས་མཐུན་དེ་དངོས་འབེབ་བྱེད་པར་རོགས་རམ་བྱས། གྲོས་མཐུན་རོགས་སྐྱོར་ཆེད་མངག་ཚོགས་པའི་ཆེས་ཐོག་མའི་འགན་ཡུན་ཟླ་ངོ་དྲུག་ཡིན་པ་དང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་བདུན་པ་ནས་ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་བར་ཟླ་ངོ་དྲུག་གིས་ཇེ་རིང་དུ་བཏང་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།