ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་འབྲེལ་ཡོད་ཕྱོགས་ཁག་སོ་སོས་རང་ཚོད་བཟུང་སྟེ་འཛམ་གླིང་རང་བཞིན་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་དྲུག་ཉིན་འབྲེལ་ཡོད་ཕྱོགས་ཁག་སོ་སོས་གང་ནུས་ཀྱིས་རང་ཚོད་བཟུང་སྟེ། རང་བཞིན་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་གསར་འགོད་པར་བཤད་རྒྱུར། མིག་སྔར་གྱི་ས་ཁུལ་ཆབ་སྲིད་ཀྱི་ཛ་དྲག་གི་གནས་བབ་དེ་དུས་རབས་འདིའི་ཚུན་གྱི་ཆེས་མཐོ་བའི་ཚད་དུ་བསླེབ་ཡོད་པར་མ་ཟད་ཟང་ཟིང་གི་རྣམ་པ་དེ་སྔར་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། ཉིང་རྡུལ་ནུས་པ་རྒྱ་ཡན་དུ་མི་འགྲོ་བར་འགན་སྲུང་ཐོབ་ཐུབ་མེད་ཟེར། ཁོས་རྒྱལ་ཁབ་རེ་འགའི་མགོ་ཁྲིད་པའི་བར་འབྲེལ་འདྲིས་བྱས་ཏེ། འབྲེལ་ཡོད་ཕྱོགས་སོ་སོས་གང་ནུས་ཀྱིས་རང་ཚོད་བཟུང་ནས་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་པ་དང་། གྲོས་མོལ་དང་རྒྱལ་སྤྱིའི་མཉམ་ལས་སླར་གསོ་བྱེད་དགོས་པའི་སྐུལ་མ་བཏང་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཛ་དྲག་གི་གནས་བབ་ལས་སྔར་ལས་མང་བའི་རྒྱལ་ཁབ་ཀྱིས་ཚོད་དཔག་བྱེད་དཀའ་བའི་ཆོད་དོན་སྤེལ་བཞིན་ཡོད་ལ། དེའི་མཇུག་འབྲས་ནི་བློས་དཔོག་དཀའ་བ་ཞིག་ཡིན་པར་མ་ཟད། ནོར་འཆུག་ཚབས་ཆེན་འབྱུང་བའི་ཉེན་ཁ་ཡོད། ཉོ་ཚོང་དང་ལག་རྩལ་ཐད་ཀྱི་རྩོད་གླེང་གིས་འཛམ་གླིང་གི་ཚོང་རར་གཏོར་བརླག་བྱས་པ་དང་། འཕར་སྣོན་ལ་གནོད་པ་བཟོས་པ་དང་འདྲ་མཉམ་མིན་པ་གནས་བབ་ཇེ་དྲག་ཏུ་བཏང་ཡོད། དེའི་ཞོར་དུ་ནམ་ཟླའི་ཉམས་ཉེན་མུ་མཐུད་དུ་འབྱུང་བཞིན་ཡོད། འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་བོར་སྤྱི་ཚོགས་ཟང་ཟིང་དུ་གྱུར་ཡོད་ཅིང་། ཐལ་སྤྱོད་རིང་ལུགས་དང་མི་རིགས་རིང་ལུགས། ཐལ་སྤྱོད་ཅན་བཅས་ཉིན་རེ་བཞིན་ཚབས་ཆེན་དུ་འགྱུར་བཞིན་ཡོད་ལ། འཇིགས་སྐུལ་རིང་ལུགས་ཀྱི་ཤུགས་རྐྱེན་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། སྣང་ཚུལ་འདི་འདྲ་རྒྱུན་འཁྱོངས་བྱེད་མི་རུང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཐབ་འཁྲུག་གིས་མིའི་རིགས་ལ་བཟོས་པའི་དཀའ་སྡུག་ཆེན་མོ་ཡིད་ལ་དམ་པོར་འཛིན་དགོས་ལ། འཐབ་འཁྲུག་སྔོན་འགོག་བྱེད་པ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།