ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་འཇབ་རྒོལ་བྱས་ཏེ་སུའུ་ལའེ་མན་ནེ་རྐྱེན་ལམ་དུ་ཤོར་བ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱབ་འགལ་དུ་སོང་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཞིའི་ཉིན་སོ་སོར་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་དང་དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་གཉིས་ལ་ཁ་པར་བཏང་སྟེ། ཨ་མེ་རི་ཁའི་བར་སྣང་འཇབ་རྒོལ་ལས་དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་ཁོངས་སུ་གཏོགས་པའི་ལྷ་མཁར་སྟོང་ཤོག་གི་བཀོད་འདོམ་དཔོན་པོ་སུའུ་ལའེ་མན་ནེ་རྐྱེན་ལམ་དུ་བཏང་བའི་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་རྒྱབ་འགལ་དུ་སོང་ཡོད་པའི་ཚུལ་བསྟན། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཀྲ་ལི་ཧྥུའུ་དང་ཁ་པར་གྲོས་མོལ་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁའི་བར་སྣང་འཇབ་རྒོལ་འགུལ་སྐྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་དང་རྒྱབ་འགལ་དུ་སོང་ཡོད་པ་དང་། དབུས་ཤར་ས་ཁུལ་གྱི་ལོ་མང་བོར་བསགས་པའི་དཀའ་གནད་ཐག་གཅོད་བྱེད་པར་ཕན་ཐོགས་མེད་ལ། ས་ཁུལ་དེའི་སྐོར་ཐེངས་གསར་བའི་ཛ་དྲག་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་ངེས་རེད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཆཱ་ཝུའུ་ཧྲི་ཨོ་ལུའུ་ལ་ཁ་པར་གཏོང་སྐབས་ཨ་མེ་རི་ཁའི་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱབ་འགལ་དུ་སོང་ཡོད་པ་དང་། ཨ་མེ་རི་ཁས་བརྗོད་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་ཕན་ཐོགས་མེད་པ་ཡང་བསྐྱར་ནན་བཤད་བྱས། ཨུ་རུ་སི་དང་ཐུར་ཁེ་ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁའི་གོང་གི་འགུལ་སྐྱོད་ལས་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་མཇུག་འབྲས་ཚབས་ཆེན་བཟོ་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།