ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཉོ་འཚོང་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་གྱིས་ཁོངས་ཞུགས་རྒྱལ་ཁབ་དག་གིས་དཀའ་ངལ་མཉམ་སེལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་ཉོ་འཚོང་རྩ་འཛུགས་བཙུགས་ནས་ལོ་ཉེར་ལྔ་འགོར་བའི་སྐབས་སུ། རྩ་འཛུགས་དེའི་སྤྱིའི་ལས་འཛིན་ཨ་ཙིག་ཝེ་ཏོ་ཡིས་ཚེས་གཅིག་ཉིན་གཏམ་བཤད་སྤེལ་ནས། རྩ་འཛུགས་དེས་འདས་པའི་ལོ་ཉེར་ལྔའི་རིང་ལ་ཁྱད་དུ་འཕགས་པའི་གྲུབ་འབྲས་བླངས་ཡོད་མོད། ཡིན་ནའང་ད་ལྟ་འགྲན་རྩོད་ཧ་ཅང་ཆེན་པོར་འཕྲད་ཡོད་པས། ཁོངས་ཞུགས་རྒྱལ་ཁབ་དག་གིས་ལག་རྡང་མཉམ་སྦྲེལ་གྱིས་དཀའ་ངལ་མཉམ་སེལ་བྱེད་དགོས་ཟེར།

འཛམ་གླིང་ཉོ་འཚོང་རྩ་འཛུགས་ནི་གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་དངོས་སུ་བཙུགས་པ་རེད། ཨ་ཙིག་ཝེ་ཏ་ཡིས་བཤད་རྒྱུར། འདས་པའི་ལོ་ཉེར་ལྔའི་རིང་ལ། འཛམ་གླིང་ཉོ་འཚོང་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་འབྲེལ་བ་བསྒྱུར་བ་དང་། ཚོད་འཛིན་ནུས་ཤུགས་ཡོད་པའི་འཛམ་གླིང་གི་ཚོང་རྫས་དང་ཞབས་ཞུའི་ཉོ་འཚོང་སྒྲིག་སྲོལ་གྱིས་རྒྱལ་ཁོངས་བརྒལ་བའི་ཚོང་ལས་བྱ་འགུལ་མགྱོགས་མྱུར་སྒོས་སྤེལ་བར་ཡར་སྐུལ་བྱས། དུས་རིམ་དེའི་ནང་དུ་འཛམ་གླིང་གི་ཉོ་འཚོང་གི་ཚད་ལྡབ་གཉིས་དང་གྲངས་ཆུང་བདུན་འཕར་ནས། དུས་མཉམ་གྱི་འཛམ་གླིང་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་འཕར་ཚད་ལས་བརྒལ་ལ། སྒོ་ཁྲལ་ཆ་སྙོམས་སྒོས་བསྡུ་ཚད་བརྒྱ་ཆའི་བཅུ་དང་གྲངས་ཆུང་ལྔ་ནས་བརྒྱ་ཆའི་དྲུག་དང་གྲངས་ཆུང་བཞི་ལ་མར་བབས་ཟེར།

ཁོས་བལྟས་ན། འཛམ་གླིང་ཉོ་འཚོང་རྩ་འཛུགས་ཀྱིས་སྐྱེད་སྲིང་བྱས་པའི་སྔོན་དཔག་བྱེད་ཐུབ་པའི་ཁྲོམ་རའི་ཁོར་ཡུག་དང་། འབྲེལ་འདྲིས་ལེགས་བཅོས་བྱུང་བ་དེས་འཛམ་གླིང་གི་རིན་ཐང་མུ་ཁྱུད་དར་རྒྱས་སུ་བཏང་ལ། འཛམ་གླིང་གི་རིན་ཐང་མུ་ཁྱུད་ཀྱི་དར་རྒྱས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་དཔལ་འབྱོར་ཕུང་བོ་མགྱོགས་མྱུར་སྒོས་འཕུར་བའི་གནད་འགག་གི་རྒྱུན་ཡིན་པ་དང་མཉམ་དུ། རྒྱལ་ཁབ་སོ་སོའི་ཉོ་སྒྲུབ་ནུས་པ་ཇེ་ཆེར་བཏང་ནས། འཛད་སྤྱོད་པ་རྣམས་ལ་གདམ་གསེས་སྔར་ལས་མང་པོ་ཡོད་པར་བྱས་ཟེར།

ཁོས་བཤད་རྒྱུར། གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོར། འཛམ་གླིང་གི་མི་སུམ་ཆའི་གཅིག་དབུལ་ནག་གི་ཚད་དུ་གནས་ཡོད་ལ། ད་ལྟ་འཛམ་གླིང་གི་དབུལ་ནག་གི་ཚད་བརྒྱ་ཆའི་བཅུ་མ་གཏོགས་མེད་པར་ལོ་རྒྱུས་སྟེང་ཆེས་དམའ་བའི་ཚད་དུ་སླེབས་ཡོད་ཟེར།

ཨ་ཙིག་ཝེ་ཏོ་ཡིས་བཤད་རྒྱུར། འཛམ་གླིང་ཉོ་འཚོང་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་དག་ཉེ་བའི་ལོ་འགའི་རིང་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ཉོ་འཚོང་སྟབས་བདེ་ཅན་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་བ་དང་། ཚོད་དཔག་བྱས་ན་འཛམ་གླིང་ཡོངས་ཀྱི་ལོ་གཅིག་གི་ཉོ་འཚོང་གི་ཚད་ཨ་སྒོར་དུང་ཕྱུར་ཁྲི་གཅིག་གི་ཡན་ལ་བསླེབ་ཐུབ་ཟེར།

ཨ་ཙིག་ཝེ་ཏོ་ཡིས་བཤད་རྒྱུར། གྲུབ་འབྲས་ཧ་ཅང་ཆེན་པོ་བླངས་ཡོད་ནའང་། འཛམ་གླིང་ཉོ་འཚོང་རྩ་འཛུགས་ད་ལྟ་འཕྲད་པའི་འགྲན་རྩོད་ནི་ང་ཚོ་ལོ་རྒྱུས་ཀྱི་དུས་ཡུན་ཅུང་ཐུང་ངུའི་ནང་འཕྲད་མ་མྱོང་བ་ཞིག་ཡིན་ཟེར། ཁོས་བསྟན་དོན། འདས་པའི་ལོ་གཉིས་ཀྱི་རིང་ལ། རྒྱལ་ཁབ་མང་པོའི་སྲིད་གཞུང་གིས་ཉོ་འཚོང་ཚོད་འཛིན་བྱེད་ཐབས་སྣ་མང་བཏོན་པ་དང་། འདས་པའི་ལོ་གཅིག་གི་ནང་ཁོ་ནར་ཡང་ཨ་སྒོར་དུང་ཕྱུར་བདུན་སྟོང་བཞི་བརྒྱ་བདུན་ཅུའི་འཛམ་གླིང་གི་ནང་འདྲེན་བྱེད་ཚད་ལ་བར་ཆད་བྱུང་། འཛམ་གླིང་ཉོ་འཚོང་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་དག་གིས་འགྲན་རྩོད་དེ་དག་ལ་ཇི་ལྟར་ཁ་གཏད་འཇལ་རྒྱུ་དེས་མ་འོངས་པའི་ལོ་བཅུ་ཕྲག་འགའི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕེལ་རིམ་ལ་ཤན་ཤུགས་ཐེབས་ཐུབ་ཟེར།

ཨ་ཙིག་ཝེ་ཏོ་ཡིས་བཤད་རྒྱུར། འཛམ་གླིང་ཉོ་འཚོང་རྩ་འཛུགས་དང་དེས་མཚོན་པའི་ཉོ་འཚོང་མ་ལག་ནི་ཁོངས་ཞུགས་རྒྱལ་ཁབ་བརྒྱ་དང་རེ་བཞིས་སྲུང་སྐྱོབ་དང་ཤུགས་སྣོན་རིན་ཐང་ལྡན་པའི་སྤྱི་ཐུན་ཐོན་རྫས་སུ་བརྩིས་ཡོད། ཁོངས་ཞུགས་རྒྱལ་ཁབ་སོ་སོས་ཀྱང་འབད་བརྩོན་ཆེན་པོས་གནད་དོན་རབ་དང་རིམ་པའི་ཐད་ནས་སྒྲིག་སྲོལ་གསར་པ་འཛུགས་བཞིན་ཡོད་ལ། དེའི་ནང་དུ་གློག་རྡུལ་ཚོང་དོན་དང་། དངུལ་གཏོང་སྟབས་བདེ་ཅན། ཞབས་ཞུའི་ལས་རིགས་ཀྱི་རྒྱལ་ནང་ལྟ་སྐུལ་ད་དམ་སོགས་འདུ་བ་དང་། དེའི་དམིགས་ཡུལ་ནི་སྔོན་ཐོན་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉོ་འཚོང་གི་ཚད་དང་སྔོན་དཔག་རང་བཞིན་མཐོར་འདེགས་སུ་གཏོང་རྒྱུ་དེ་རེད།

ཨ་ཙིག་ཝེ་ཏོ་ཡིས་དེ་དང་མཉམ་དུ་ཁས་ལེན་བྱེད་རྒྱུར། འགལ་བ་ཐག་གཅོད་རྐྱེན་སྲོལ་ལ་ཉིས་སྟོང་བཅུ་དགུ་ལོའི་ལོ་སྨད་དུ་བར་ཆད་ཆེན་པོ་ཐེབས་པ་དང་། ཁོངས་ཞུགས་རྒྱལ་ཁབ་དག་གི་བར་དུ་སྒྲིག་གཞི་བཅོས་སྒྱུར་ཡར་ཞུའི་ཐད་ནས་ལྟ་བ་གཅིག་མཐུན་མ་བྱུང་ཟེར། ཁོས་ཁོངས་ཞུགས་རྒྱལ་ཁབ་དག་ལ་གྲོས་མོལ་བྱས་ཏེ་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་བཞིན་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།