ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལེའི་རྒྱལ་སའི་རླངས་འཁོར་འགས་གཏོར་འཇབ་རྒོལ་ཁྲོད་ནས་རྐྱེན་ལམ་དུ་ཤོར་བའི་མི་གྱ་བཞི་ལ་བུད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལེའི་སྲིད་གཞུང་གི་མགྲིན་ཚབ་པས་ཚེས་སུམ་ཅུ་ཉིན་བཤད་རྒྱུར། རྒྱ་ས་མོ་ཀ་ཏེ་ཧྲ་ནས་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པར་བྱུང་བའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཁྲོད་ནས་རྐྱེན་ལམ་དུ་ཤོར་བའི་མི་གྱ་བཞི་ལ་བུད་ཟེར།

མོ་ཀ་ཏེ་ཧྲའི་གཞུང་ལམ་ཞིབ་བཤེར་ས་ཚིགས་ཤིག་ལ་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པར་རང་སྲོག་གཅོད་མཁན་གྱི་འཇབ་རྒོལ་བས་རླངས་འཁོར་འགས་གཏོར་བཏང་བའི་འཇབ་རྒོལ་ཐེབས། སོ་མཱ་ལེའི་སྲིད་གཞུང་གི་མགྲིན་ཚབ་པ་ཨོ་མཱ་ཨར་གྱིས་ཚེས་སུམ་ཅུ་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དོན་རྐྱེན་དེའི་ཁྲོད་ནས་རྐྱེན་ལམ་དུ་ཤོར་བའི་མི་གྱ་བཞི་ལ་བུད་ཟེར།

ཨོ་མཱ་ཨར་གྱིས་བཤད་རྒྱུར། འཇབ་རྒོལ་བྱུང་བའི་ཉིན་དེའི་འཚོལ་སྐྱོབ་བྱ་བ་མཇུག་རྫོགས་རྗེས། འགས་གཏོར་དོན་རྐྱེན་ཁྲོད་ནས་མི་དོན་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་བཞི་གར་སོང་མ་ཤེས་པ་ཐོག་མར་གཏན་ཁེལ་བྱས། དེའི་རྗེས་སུ་མུ་མཐུད་དུ་འཚོལ་སྐྱོབ་བྱས་པ་བརྒྱུད་ནས། གར་སོང་མ་ཤེས་པའི་མི་བཅུ་གཉིས་རྙེད་ལ། དེའི་ནང་དུ་མི་ལྔ་རྐྱེན་ལམ་དུ་ཤོར་ཡོད་པ་དང་མི་བདུན་ད་དུང་གསོན་ཡོད། དེས་མི་ཚད་འགས་གཏོར་འཇབ་རྒོལ་ཁྲོད་ནས་མི་བརྒྱ་དང་ལྔ་བཅུ་ལྷག་ལ་རྨས་ཕོག་ཡོད་ཟེར།

ཐུར་ཁེས་ཚེས་ཉེར་དགུ་ཉིན་སོ་མཱ་ལེ་ལ་གནམ་གྲུ་ཞིག་མངགས་ནས། འགས་གཏོར་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཐུར་ཁེ་བ་གཉིས་ཀྱི་བེམ་པོ་ཕྱིར་རྒྱལ་ནང་དུ་བསྐྱལ་བར་མ་ཟད། སོ་མཱ་ལེའི་རྨས་མ་བཅུ་དྲུག་ཐུར་ཁེའི་དབྱི་སི་ཐན་པུའུ་ཨར་དུ་སྨན་བཅོས་བྱེད་པར་བསྐྱལ།

ད་སྔ་རྩ་འཛུགས་གང་གིས་ཀྱང་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་བླངས་མེད།

སོ་མཱ་ལེའི་ན་གཞོན་ཏང་ཞེས་པ་དེ་ནི་རྟེན་གཞི་རྩ་འཛུགས་དང་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་ལ། དེས་ཉེ་བའི་ལོ་འགའི་རིང་སོ་མཱ་ལེ་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ནས་འཇིགས་སྐུལ་འཇབ་རྒོལ་ཐེངས་མང་སྤེལ་མྱོང་། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།