ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་སྲིད་གཞུང་དང་ཤར་ཕྱོགས་དྲག་ཆས་རྩ་འཛུགས་ཀྱིས་བཙོན་མ་བརྗེ་རེས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་སྲིད་གཞུང་དང་ཤར་ཕྱོགས་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་ཚེས་ཉེར་དགུ་ཉིན་ནས་བཟུང་བཙོན་མ་བརྗེ་རེས་བྱེད་མགོ་བརྩམས་པ་དང་། བརྗེ་རེས་འགུལ་སྐྱོད་དེ་ཏོན་ཉེ་ཚིས་ཁི་མངའ་སྡེའི་ཀི་ཨར་ལོ་ཧྥུའུ་ཁ་གྲོང་བརྡལ་ཉེ་འདབས་ཀྱི་ཞིབ་བཤེར་ས་ཚིགས་ཤིག་ནས་སྤེལ་མགོ་བརྩམས།

ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་དང་ཤར་ཕྱོགས་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་སོ་སོར་གནས་ཚུལ་དེ་ངོ་མ་ཡིན་པར་བདེན་དཔང་བྱས།

ཧྥ་རན་སིའི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕྱོགས་གཉིས་ཀྱིས་ཉིན་དེའི་སྔ་མོ་ནས་བཟུང་བཙོན་མ་བརྗེ་རེས་བྱེད་པར་གྲ་སྒྲིག་བྱས་པ་དང་། རླངས་འཁོར་ཁ་ཤས་ཏོན་ཉེ་ཚིས་ཁི་མངའ་སྡེ་དང་བར་ཐག་སྤྱི་ལེ་བཅུ་ཙམ་ཡོད་པའི་སྡེ་བ་ཞིག་ལ་ཐོན་པར་མ་ཟད། དམག་ལྭ་གྱོན་ཞིང་ལག་ཏུ་མེ་མདའ་བཟུང་བའི་སྲུང་དམག་ཁ་ཤས་ཀྱང་སྡེ་བ་དེ་རུ་ཐོན་ཡོད་ཟེར།

ཕྱོགས་གཉིས་ཀྱིས་བཙོན་མ་ཅི་ཙམ་བརྗེ་རེས་བྱེད་རྒྱུ་ཡིན་པའི་གྲངས་ཀ་ད་དུང་གསལ་པོར་མི་ཤེས། ཏོན་ཉེ་ཚིས་ཁི་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱི་མི་ཞིག་གིས་ཨུ་རུ་སིའི་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཁོ་ཚོས་ཝུའུ་ཁི་ལན་སྲིད་གཞུང་ལ་བཙོན་མ་ལྔ་བཅུ་ང་ལྔ་སྤྲོད་རྒྱུ་ཡིན་པ་དང་། ཕ་རོལ་བའི་ལག་ནས་བཙོན་མ་བརྒྱད་ཅུ་གྱ་བདུན་ཚུར་ལེན་རྒྱུ་ཡིན་ཟེར། ལུའུ་ཐི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་ཐེངས་འདིའི་འགུལ་སྐྱོད་ཁྲོད་དུ་འཛིན་བཟུང་བྱས་ཡོད་པའི་བཙོན་མ་ཡོངས་རྫོགས་བརྗེ་རེས་བྱེད་རྒྱུ་ཡིན་པ་དང་། འགུལ་སྐྱོད་དེ་ཉིན་དེའི་དགོང་མོར་མཇུག་རྫོགས་རྒྱུ་རེད་ཟེར།

ཝུའུ་ཁི་ལན་སྲིད་གཞུང་དང་ཤར་ཕྱོགས་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་ཐེངས་མང་པོར་བཙོན་མ་བརྗེ་རེས་བྱས་མྱོང་བ་དང་། ཐེངས་སྔོན་མའི་བཙོན་མ་བརྗེ་རེས་འགུལ་སྐྱོད་ནི་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པར་སྤེལ་བ་ཡིན་ལ། ཤར་ཕྱོགས་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་སྐབས་དེར་སྲིད་གཞུང་ལ་བཙོན་མ་བདུན་ཅུ་ཕར་སྤྲད་དེ། བཙོན་མ་ཉིས་བརྒྱ་ཕྱིར་བླངས་པ་རེད།

ཐེངས་འདིའི་བཙོན་མ་བརྗེ་རེས་འགུལ་སྐྱོད་ནི་ཉེ་སྔོན་གྱི་ལོ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་སྟེང་གྲོས་མཐུན་བྱུང་བའི་གྲོས་ཆོད་ལྟར་དུ་ལག་བསྟར་བྱས་པ་རེད།

ཝུའུ་ཁི་ལན་གྱི་ཉེན་ཚབས་ཐག་གཅོད་པ་དམིགས་ཡུལ་ཡིན་པའི་ནོ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་དེ་ཟླ་འདིའི་ཚེས་དགུ་ཉིན་ཧྥ་རན་སིའི་རྒྱལ་ས་ཕ་རེ་སི་ནས་བསྡུས། ཨུ་རུ་སི་དང་ཝུའུ་ཁི་ལན། འཇར་མན་དང་ཧྥ་རན་སི་བཅས་ཀྱིས་ཚོགས་འདུའི་རྗེས་སུ་མཉམ་དུ་གསལ་བསྒྲགས་སྤེལ་བ་དང་། ཕྱོགས་སོ་སོས་ད་ལོའི་ལོ་མཇུག་གི་སྔོན་ལ་དམག་འཁྲུག་རྒྱག་མཚམས་ཡོངས་སུ་འཇོག་རྒྱུ་མ་ཟད་བཙོན་མ་བརྗེ་རེས་བྱེད་རྒྱུའི་དམ་བཅས།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལེན་སི་ཅི་གཉིས་ཀྱིས་མཐོ་རིམ་གྲོས་ཚོགས་སྟེང་ཐུག་འཕྲད་བྱས་པ་དང་། ཙི་ལེན་སི་ཅི་ཡིས་ད་ལོའི་ཟླ་ལྔ་པར་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ་ཕུའུ་ཅིན་ལ་ཐོག་དང་པོར་གྲོས་མོལ་བྱས་པ་རེད།

ཙི་ལེན་སི་ཅི་ཡིས་ཟླ་བཅུ་པའི་ནང་དུ་བཤད་རྒྱུར། ཝུའུ་ཁི་ལན་གྱིས་བཅའ་ཁྲིསམ་གསར་པ་གཏན་འབེབས་བྱས་ཏེ། ཏོན་ཉེ་ཚིས་ཁི་མངའ་སྡེ་དང་བཅས་པའི་ཤར་ཕྱོགས་ཀྱི་ཏོན་པ་སི་ས་ཁུལ་ལ་དམིགས་བསལ་གྱི་གོ་གནས་སྟེར་རྒྱུ་ཡིན་ཟེར།

ཙི་ལེན་སི་ཅི་ཡིས་ཝུའུ་ཁི་ལན་གྱི་ཙུང་ཐུང་གི་འགན་ཁུར་རྗེས། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་ཐག་གཅོད་རྒྱུ་དེ་དོན་དག་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། ཁོས་ཐེངས་མང་པོར་ཞི་བའི་གྲོས་མོལ་ལ་བརྟེན་ནས་ཤར་ཕྱོགས་ཀྱི་འཁྲུག་རྩོད་ཐག་གཅོད་པ་དང་མཉམ་དུ། ཨུ་རུ་སི་དང་ཝུའུ་ཁི་ལན་བར་དུ་བཙོན་མ་བརྗེ་རེས་བྱེད་པ་དང་། ཨུ་རུ་སིའི་རང་བྱུང་སོལ་རླངས་ཝུའུ་ཁི་ལན་བརྒྱུད་དེ་ཡོ་རོབ་གླིང་ལ་འདྲེན་པའི་དོན་དག་གི་སྐོར་ནས་ཐེངས་མང་པོར་ཕུའུ་ཅིན་དང་གྲོས་མོལ་བྱས།

ཝུའུ་ཁི་ལན་ནི་ཨུ་རུ་སིས་ཡོ་རོབ་གླིང་མནའ་འབྲེལ་ལ་རང་བྱུང་སོལ་རླངས་ཕྱིར་གཏོང་བྱེད་པའི་བར་བརྒྱུད་རྒྱལ་ཁབ་གཙོ་བོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་རང་བྱུང་སོལ་རླངས་བར་བརྒྱུད་གྲོས་ཆོད་ཀྱི་དུས་ཡུན་དེ་ད་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་ལོངས་པ་རེད། རྒྱལ་ཁབ་གཉིས་ཀྱིས་དེའི་སྔོན་ལ་ཡོ་རོབ་གླིང་མནའ་འབྲེལ་གྱི་བར་འདུམ་འོག་ཏུ་ཐེངས་མང་གྲོས་མོལ་བྱས་ནའང་གྲུབ་འབྲས་མ་ཐོབ། ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན། ཡོ་རོབ་གླིང་མནའ་འབྲེལ་དང་འཇར་མན་གྱི་བར་འདུམ་འོག་ཏུ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཐུས་མིའི་བར་དུ་རྗེས་ཕྱོགས་ཀྱི་ལོ་འགའི་བར་བརྒྱུད་དོན་དག་སྐོར་ནས་རྩ་དོན་རང་བཞིན་གྲོས་ཆོད་བཀོད།

ཏོན་པ་སི་ས་ཁུལ་གྱི་རང་བཙན་བྱེད་འདོད་ཡོད་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་ཉིས་སྟོང་བཅུ་བཞི་ལོའི་ཟླ་བཞི་པར་སྲིད་གཞུང་དམག་བར་དུ་གཞི་ཁྱོན་ཆེན་པོའི་འཁྲུག་རྩོད་བསླངས་ནས། ཏོན་ཉེ་ཚིས་ཁི་མངའ་སྡེ་དང་ལུའུ་ཀན་སི་ཁི་མངའ་སྡེ་བདག་ཏུ་བཟུང་། ཟླ་ལྔ་པར་སྤྱི་དམངས་ཀྱིས་འདེམ་ཤོག་འཕངས་ཏེ་རང་སྟེང་ནས་ཏོན་ཉེ་ཚིས་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ལུའུ་ཀན་སི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་ཁྱབ་བསྒྲགས་བྱས། ཝུའུ་ཁི་ལན་སྲིད་གཞུང་གིས་ཨུ་རུ་སིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཁ་བྲལ་རིང་ལུགས་ཀྱི་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱེད་བཞིན་པར་འདོད་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།