ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གིས་ཨ་མེ་རི་ཁས་དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་གི་སྒར་སར་བར་སྣང་ནས་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་སྲིད་གཞུང་གིས་ཚེས་སུམ་ཅུ་ཉིན་གསལ་བསྒྲགས་སྤེལ་ནས། ཨ་མེ་རི་ཁས་དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་སྟོབས་ཤུགས་མི་དམངས་སྐུལ་སློང་རྩ་འཛུགས་ཞེས་པ་དེའི་དབྱི་རག་དང་སི་རི་ཡའི་མཐའ་མཚམས་སུ་ཡོད་པའི་སྒར་སར་བར་སྣང་ནས་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།

དབྱི་རག་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་ལྟ་སྲུང་སྲིད་གཞུང་གི་ཙུང་ལི་ཨ་པུའུ་ཏུའུ་ལི་མད་ཧི་ཏིས་ཀྱི་མགོ་འཛིན་འོག་ཏུ་བྲེལ་མྱུར་གྲོས་ཚོགས་བསྡུས་རྗེས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་རག་སྲིད་གཞུང་གིས་ཨ་མེ་རི་ཁའི་འཇབ་རྒོལ་ལ་རྒོལ་གཏམ་བཏང་བ་ཡིན་ལ། དེས་དབྱི་རག་གི་བདག་དབང་ལ་གནོད་བསྐྱལ་བ་རེད་སྙམ་ཡོད། འགུལ་སྐྱོད་དེར་དབྱི་རག་སྲིད་གཞུང་གིས་ཆོག་མཆན་བཀོད་མེད། འཇབ་རྒོལ་དེས་ཨ་མེ་རི་ཁས་མགོ་ཁྲིད་པའི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་དམིགས་འབེན་དང་རྩ་དོན་ལ་རྒྱབ་འགལ་བྱས་ཏེ། དབྱི་རག་གིས་རྒྱལ་སྤྱིའི་མནའ་འབྲེལ་བར་གྱི་བདེ་འཇགས་དང་ཆབ་སྲིད། བཅའ་ཁྲིམས་རིམ་པའི་འབྲེལ་བ་ལ་ཡང་བསྐྱར་བསམ་གཞིགས་གཏོང་དུ་བཅུག་ཡོད་ཟེར།

དབྱི་རག་ཕྱི་འབྲེལ་པུའུ་ཡིས་ཀྱང་ཉིན་དེར་གསལ་བསྒྲགས་སྤེལ་ནས། ཨ་མེ་རི་ཁའི་བར་སྣང་གི་འཇབ་རྒོལ་དེར་རྒོལ་གཏམ་དྲག་པོ་བཏང་། གསལ་བསྒྲགས་ནང་དུ་དབྱི་རག་གི་རང་བཙན་གྱི་བདག་དབང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ལ། རྒྱལ་ཁབ་རང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་མིག་སྔའི་ཆེས་གལ་ཆེ་བའི་དོན་དག་ཅིག་ཡིན་ཞེས་བཤད་ཡོད།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དགུ་ཉིན་བསྒྲགས་རྒྱུར། ཨ་མེ་རི་ཁའི་དམག་གིས་ཉིན་དེར་ཧྲི་ཡེ་ཕྱོགས་ཁག་གི་དྲག་ཆས་རྩ་འཛུགས་ཀྲིན་ཀྲུའུ་དམག་དཔུང་ཞེས་པ་དེའི་དབྱི་རག་དང་སི་རི་ཡའི་མངའ་ཁོངས་ཀྱི་སྒྲིག་ཆས་མང་པོར་བར་སྣང་ནས་འཇབ་རྒོལ་བྱས་ཏེ། རྩ་འཛུགས་དེས་དབྱི་རག་གི་མངའ་ཁོངས་སུ་བཅའ་སྡོད་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་གི་དམག་དོན་རྟེན་གཞི་ལ་འཇབ་རྒོལ་ཐེངས་མང་བྱས་པར་སྐྱིན་པ་བླངས་པ་ཡིན་ཟེར།

མི་དམངས་སྐུལ་སློང་རྩ་འཛུགས་ཞེས་པས་ཚེས་ཉེར་དགུ་ཉིན་གསལ་བསྒྲགས་སྤེལ་ནས། ཨ་མེ་རི་ཁས་རྩ་འཛུགས་དེའི་དབྱི་རག་དང་སི་རི་ཡའི་མཐའ་མཚམས་ན་ཡོད་པའི་སྒར་སར་བར་སྣང་ནས་འཇབ་རྒོལ་བྱས་ཏེ། རྩ་འཛུགས་དེའི་མི་ཉེར་ལྔ་བསད་པ་དང་། མི་ང་གཅིག་རྨས་སོང་ཞེས་བཤད།

མི་དམངས་སྐུལ་སློང་རྩ་འཛུགས་ནི་ཉིས་སྟོང་བཅུ་བཞི་ལོར་བཙུགས་པ་དང་། ཀྲིན་ཀྲུའུ་དམག་དཔུང་ཞེས་པ་དང་བཅས་པའི་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་སྟོབས་ཤུགས་མང་པོས་གྲུབ་པ་ཡིན་ལ། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གསུམ་པར་དབྱི་རག་བདེ་འཇགས་དམག་དཔུང་གི་ནང་དུ་བསྡུས་ཏེ། ཐད་ཀར་དུ་དབྱི་རག་རྒྱལ་སྲུང་པུའུ་ཡི་བཀའ་ལ་ཉན་ནས། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བའི་འཐབ་འཛིང་ཁྲོད་དུ་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཨ་མེ་རི་ཁས་མི་དམངས་སྐུལ་སློང་རྩ་འཛུགས་དང་དབྱི་ལང་བར་གྱི་འབྲེལ་བ་ཧ་ཅང་ཟབ་པ་དང་། དུས་ཡུན་རིང་བོར་དབྱི་ལང་གི་སྦྱོང་བརྡར་དང་རྒྱབ་སྐྱོར་དང་ལེན་བྱེད་བཞིན་ཡོད་པར་གཏན་ཁེལ་བྱས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།