ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་རྒྱལ་དམངས་གྲོས་ཁང་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བཅའ་ཁྲིམས་གསར་པར་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2019-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་ཉེར་བཞི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་རག་རྒྱལ་དམངས་གྲོས་ཁང་གིས་ཉིན་དེར་འདེམ་ཤོག་འཕངས་ནས་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བཅའ་ཁྲིམས་གསར་པར་གྲོས་འཆམ་བྱུང་ཟེར།

དབྱི་རག་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཧ་པུའུ་ཞི་ཡིས་བཤད་རྒྱུར། རྒྱལ་དམངས་གྲོས་ཁང་གསར་པའི་འདེམ་བསྐོའི་བཅའ་ཁྲིམས་ཀྱི་དོན་ཚན་ཚང་མར་ཆོག་མཆན་ཐོབ་ཡོད། འདེམ་བསྐོའི་བཅའ་ཁྲིམས་གསར་པས་རྒྱལ་ཁབ་གཉིས་ཀྱི་འབངས་མིའི་ཐོབ་ཐང་ཡོད་པའི་མི་སྣས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་ཡང་ན་སྲིད་གཞུང་དཔོན་རིགས་ཀྱི་འགན་ཁུར་མི་ཆོག་པ་གཏན་ཁེལ་བྱས་ཡོད་ཟེར།

འདེམ་བསྐོའི་བཅའ་ཁྲིམས་གསར་པས་ད་དུང་ཞིང་ཆེན་སོ་སོའི་འདེམ་ཁུལ་བགོ་སྟངས་དང་བུད་མེད་ཀྱིས་གྲོས་ཁང་ཁྲོད་ཟིན་པའི་གྲངས་ཀ་དང་གོ་གནས་བགོ་སྟངས་སོགས་ཀྱི་གནད་དོན་ཐད་ནས་གཏན་ཁེལ་བྱས་ཡོད།

ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། དབྱི་རག་རྒྱལ་དམངས་གྲོས་ཁངང་གིས་འདེམ་ཤོག་འཕངས་ནས་ཆེས་མཐོའི་སྒེར་ཚུགས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་གསར་པར་གྲོས་འཆམ་བྱུང་།

ཟླ་བཅུ་པ་ནས་བཟུང་། དབྱི་རག་གི་ས་ཆ་མང་པོ་ནས་རྔམ་སྟོན་ངོ་རྒོལ་བྱ་འགུལ་སྤེལ་ཏེ། སྲིད་གཞུང་རུལ་སུངས་སུ་གྱུར་པ་དང་ཞབས་ཞུའི་ནུས་པ་ཞན་པ། ལས་ཤོར་གྱི་ཚད་མཐོ་བ་བཅས་ལ་ངོ་རྒོལ་བྱས། དབྱི་རག་གི་ཙུང་ཐཐུང་སཱ་ལེ་ཧི་ཡིས་ཟླ་བཅུ་པའི་ཚེས་སོ་གཅིག་ཉིན་བསྒྲགས་རྒྱུར། དབང་འཛིན་ལས་ཁུངས་ཀྱིས་འདེམ་བསྐོའི་བཅའ་ཁྲིམས་གསར་པ་གཏན་འབེབས་བྱེད་བཞིན་པར་མ་ཟད་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་སྒྱུར་བཅོས་བྱེད་བཞིན་ཡོད་ལ། འབྲེལ་ཡོད་བྱ་བ་ཡོངས་འགྲུབ་བྱས་རྗེས། ཁོས་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོ་སྔ་བསྣུར་གྱིས་བསྡུས་པར་ཆོག་མཆན་འགོད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།