ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡའི་སྣུམ་ཞིང་སྒྲིག་ཆས་ལ་བསྟུད་མར་འཇབ་རྒོལ་ཐེབས་པ་དང་བཤད་ཚུལ་ལྟར་ན་ཁ་ལོ་བ་མེད་པའི་གནམ་གྲུས་འཇབ་རྒོལ་བྱས་པ་རེད་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡའི་སྣུམ་ཞིང་པུའུ་དང་དཔོན་ཕྱོགས་སྨྱན་བྱེད་ཀྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། སི་རི་ཡའི་སྲིད་གཞུང་གིས་ཚོད་འཛིན་བྱས་པའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་སྒྲིག་ཆས་བཞི་ལ་ཉིན་དེའི་ཞོགས་པར་འཇབ་རྒོལ་ཐེབས། སྒྲིག་ཆས་གསུམ་པོ་ནི་དབུས་ཕྱོགས་ཀྱི་ཧོ་མུའུ་སི་ཞིང་ཆེན་གྱི་ས་ཆ་མི་འདྲ་བ་རུ་ཡོད་ལ། དེ་དག་ལ་ཕལ་ཆེར་དུས་མཉམ་དུ་འཇབ་རྒོལ་ཐེབས་པ་དང་། བཤད་ཚུལ་ལྟར་ན་ཁ་ལོ་བ་མེད་པའི་གནམ་གྲུས་འཇབ་རྒོལ་བྱས་པ་རེད་ཟེར། མིག་སྔར་རྩ་འཛུགས་གང་གིས་ཀྱང་འཇབ་རྒོལ་བྱས་པ་ཁས་བླངས་མེད།

སི་རི་ཡའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། འཇབ་རྒོལ་བྱེད་ཡུལ་དེ་ཧོ་མུའུ་སི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་དང་རང་བྱུང་སོལ་རླངས་ཀྱི་ཞིང་ས་གཞན་པ་གཉིས་ཀྱི་སར་ཡོད་པ་དང་། རྡོ་སྣུམ་བཙོ་སྦྱང་བཟོ་གྲྭར་འཇབ་རྒོལ་ཐེབས་ནས་མེར་འབར་མོད། མེ་དགྲར་ཅང་མ་འགོར་བར་ཚོད་འཛིན་བྱེད་ཐུབ་པར་གྱུར།

ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གི་བཤད་ཚུལ་ལྟར་ན། སི་རི་ཡ་རུ་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་གཉིས་མ་གཏོགས་མེད་པ་དང་། གཞན་པ་དེ་ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་ཀྱི་ཚོད་འཛིན་ཁུལ་དུ་ཡོད། སི་རི་ཡར་རྡོ་སྣུམ་ཐོན་ཁུངས་ཕུན་སུམ་ཚོགས་པ་མེད་པ་དང་། མང་ཆེ་ཤོས་ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་ཀྱིས་ཚོད་འཛིན་བྱས་ཡོད་པའི་ཡུག་ཧྥ་ལ་ཏིས་གཙང་བོའི་ཤར་རྒྱུད་དུ་ཡོད།

སི་རི་ཡའི་རྡོ་སྣུམ་པུའུ་ཡིས་བཤད་རྒྱུར། འཇབ་རྒོལ་ལས་སྣུམ་རླངས་ཞིང་སའི་ཐོན་སྐྱེད་འཁོར་ཁང་ཁ་ཤས་ལ་གཏོར་བརླགས་ཐེབས་པས། ལག་རྩལ་མི་སྣས་མྱུར་དུ་ཉམས་གསོ་བྱས་ཏེ། ཐོན་སྐྱེད་སྔ་མོ་ནས་སླར་གསོ་བྱེད་ཅི་ཐུབ་བྱེད་བཞིན་ཡོད་ཟེར།

ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ཉིས་སྟོང་བཅུ་གཅིག་ལོའི་སྙན་ཞུ་ཞིག་གི་ཚོད་དཔག་བྱས་པའི་གྲངས་ཀ་དྲངས་པ་ལྟར་ན། སི་རི་ཡ་རུ་ཕལ་ཆེར་རྡོ་སྣུམ་སྣུམ་ཟོ་དུང་ཕྱུར་ཉེར་ལྔ་ཙམ་ཡོད་པ་དང་། ནང་འཁྲུག་གི་སྔོན་ལ་ཉིན་རེར་རྡོ་སྣུམ་ཐོན་སྐྱེད་བྱེད་ཚད་སྣུམ་ཟོ་འབུམ་གསུམ་དང་ཁྲི་བརྒྱད་ཡིན་ལ། དེའི་ནང་གི་ཕྱེད་ཀ་ཕྱིར་གཏོང་བྱེད་བཞིན་ཡོད་ཟེར།

གཞན་ཡང་ཨ་མེ་རི་ཁའི་ནུས་ཁུངས་ཆ་འཕྲིན་ཅུའུ་ཡི་གཞི་གྲངས་ལྟར་ན། ན་ནིང་སི་རི་ཡའི་རྡོ་སྣུམ་ཉིན་རེར་ཐོན་སྐྱེད་བྱེད་ཚད་སྣུམ་ཟོ་ཁྲི་གཉིས་དང་སྟོང་བརྒྱད་མ་གཏོགས་མེད་པ་དང་། དེས་རྒྱལ་ནང་གི་དགོས་མཁོ་ཆུང་ངུ་མ་གཏོགས་བསྐངས་ཐུབ་མེད་ཟེར།

ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བཀག་སྡོམ་བྱེད་ཚད་ཇེ་ཆེར་བཏང་ནས། སི་རི་ཡས་རྡོ་སྣུམ་ནང་འདྲེན་བྱེད་ཚད་དེ་ན་ནིང་གི་ཟླ་བཅུ་པ་ནས་བཟུང་རིམ་བཞིན་ཇེ་ཉུང་དུ་སོང་ནས་མཁོ་འདོན་གྱི་དགོས་མཁོ་བསྐོང་དཀའ་བར་གྱུར། དེའི་ཁར་སི་རི་ཡའི་མནའ་གྲོགས་གཙོ་བོ་དབྱི་ལང་ལ་ཨ་མེ་རི་ཁའི་བཀག་སྡོམ་ཐེབས་པས། སི་རི་ཡར་རྡོ་སྣུམ་དཀོན་པའི་གནས་ཚུལ་སྔར་ལས་ཚབས་ཇེ་ཆེར་གྱུར་ཡོད།

སྤྱིའི་ལས་ཁུངས་དབྱིན་ཇིའི་ལོན་ཏོན་ན་ཡོད་པའི་སི་རི་ཡའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཞེས་པས་བཤད་རྒྱུར། འཇབ་རྒོལ་བྱེད་ཐབས་དང་དེའི་ཁྱད་ཆོས་ལ་བལྟས་ན་བརྡར་ཤ་བཅད་ན། ཚེས་ཉེར་གཅིག་ཉིན་གྱི་དོན་རྐྱེན་དེ་ཕལ་ཆེར་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེས་བཟོས་པ་ཡིན་སྲིད་ཟེར།

སི་རི་ཡའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བཤད་རྒྱུར། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེ་སི་རི་ཡ་ནས་རྐང་ཚུགས་མ་ཐུབ་ནཡང་། དེ་ལ་སི་རི་ཡའི་སྲིད་གཞུང་གི་ཚོད་འཛིན་ཁུལ་དང་ཡང་ན་ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་ཀྱི་ཚོད་འཛིན་ཁུལ་གང་རུང་ལ་འཇབ་རྒོལ་བྱེད་པའི་ནུས་པ་སྔར་བཞིན་ཡོད་ཟེར།

ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་ཧོ་མུའུ་སི་ཞིང་ཆེན་གྱི་རང་བྱུང་སོལ་རླངས་ཀྱི་ཞིང་ས་གཞན་པ་ཞིག་ཏུ་བཅའ་སྡོད་བྱས་པའི་དམག་སྒར་ཞིག་ལ་འཇབ་རྒོལ་བྱས་ཏེ། དམག་མི་དང་དམངས་དམག་བཅུ་གསུམ་བསད་པ་དང་། མི་སེར་བཞི་འཇབ་རྒོལ་ཁྲོད་ནས་རྐྱེན་ལམ་དུ་ཤོར།

ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་ཀྱིས་ཨ་མེ་རི་ཁའི་གཞོགས་འདེགས་འོག་ཏུ་ན་ནིང་གི་ཟླ་དགུ་པ་ནས་བཟུང་སི་རི་ཡའི་ཤར་བྱང་ཕྱོགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་ནས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེའི་མཇུག་མཐའི་ཚོད་འཛིན་ས་ཁུལ་ལ་དཔུང་འཇུག་བྱས་པ་དང་། ད་ལོའི་ཟླ་གསུམ་པར་དེའི་མཇུག་མཐའི་སྡོད་གནས་པ་ཀུའུ་ཙི་གྲོང་རྡལ་འཕྲོག་ནས། ཐལ་སྤྱོད་རྩ་འཛུགས་དེར་ཆམ་ཕབ་བཏང་བ་ཁྱབ་བསྒྲགས་བྱས། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་སྐབས་དེར་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་སི་རི་ཡ་དང་དབྱི་ལང་རྒྱལ་ཁབ་གཉིས་ཀྱི་ཚོད་འཛིན་ཁུལ་རྣམས་ཡོངས་སུ་ཕྱིར་འཕྲོག་པ་ཡིན་ཞེས་བསྒྲགས་མྱོང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།