ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་རྒྱ་གར་གྱིས་མཐའ་མཚམས་གནད་དོན་སྐོར་གྱི་དམིགས་བསལ་འཐུས་མིའི་ཐུག་འཕྲད་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་ཉེར་གཅིག་ཉིན། ཀྲུང་གོ་དང་རྒྱ་གར་གྱིས་ངྷི་ལེ་གསར་པ་ནས་མཐའ་མཚམས་གནད་དོན་སྐོར་གྱི་དམིགས་བསལ་འཐུས་མིའི་ཐུག་འཕྲད་ཐེངས་ཉེར་གཉིས་པ་བསྡུས། ཀྲུང་གོའི་དམིགས་བསལ་འཐུས་མི། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་དཔོན་པོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝང་དབྱི་དང་། རྒྱ་གར་གྱི་དམིགས་བསལ་འཐུས་མི། རྒྱལ་ཁབ་བདེ་འཇགས་བློ་འདོན་པ་ཏོ་ཝ་ཨར་གཉིས་ཀྱིས་མཉམ་དུ་མགོ་འཛིན་བྱས།

ཝང་དབྱི་ཡིས་བསྟན་དོན། ན་ནིང་གི་ཚུན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་མཱོ་ཏིས་གཉིས་ཀྱིས་དངོས་གཞི་མིན་པའི་ཐུག་འཕྲད་ཐེངས་གཉིས་ལ་མཛད་ནས། ཀྲུང་གོ་དང་རྒྱ་གར་གཉིས་ནི་ཕན་ཚུན་ལ་མཚོན་ན་འཕེལ་རྒྱས་ཀྱི་གོ་སྐབས་ཡིན་པ་གསལ་པོར་བསྟན་ཏེ། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་བདེ་ཐང་ངང་འཕེལ་བར་ཁྲིད་སྟོན་ཆེན་པོ་མཛད་ཡོད། དམིགས་བསལ་འཐུས་མིའི་ལོ་རེའི་ཐུག་འཕྲད་ནི་ཀྲུང་གོ་དང་རྒྱ་གར་གཉིས་ཀྱིས་མཐའ་མཚམས་གནད་དོན་ལ་གྲོས་སྡུར་བྱེད་པའི་ཐབས་ལམ་གཙོ་བོ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་འཐབ་ཇུས་འབྲེལ་འདྲིས་བྱེད་པའི་སྟེགས་བུ་གལ་ཆེན་ཡང་ཡིན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གནང་བའི་མཛུབ་སྟོན་གལ་ཆེན་ལྟར། བཀོད་ཟིན་པའི་ཆབ་སྲིད་མཛུབ་སྟོན་རྩ་དོན་གྱི་ཆོད་དོན་གཞིར་བཟུང་ནས། མཐའ་མཚམས་ཀྱི་གྲོས་མོལ་ཧུར་ཐག་གིས་སྤེལ་བ་དང་། ཐག་གཅོད་སྒྲོམ་གཞིའི་གྲོས་མོལ་ལམ་ཐིག་ལ་ཞིབ་འཇུག་དང་དེ་གཏན་འབེབས་བྱས་ཏེ། འདྲ་མཉམ་ལུགས་མཐུན་ཡིན་ལ་ཕྱོགས་གཉི་གས་དང་ལེན་བྱེད་པའི་ཐག་གཅོད་ཇུས་གཞི་ཞིག་སྔ་མོ་ནས་འགོད་པར་བརྩོན་ལེན་བྱེད་དགོས། དེ་དང་མཉམ་དུ། ཕྱོགས་གཉིས་ཀྱིས་དུས་རིམ་སྔོན་མའི་གྲུབ་འབྲས་ཐད་ནས་གྲོས་མོལ་བྱེད་པ་དང་། ཡིད་ཆེས་བྱེད་ཐབས་འཛུགས་སྐྲུན་དང་མཐའ་མཚམས་ས་ཁུལ་གྱི་མཉམ་ལས་ལ་ཤུགས་བསྣན་ནས། མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ཟེར།

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་དང་རྒྱ་གར་གཉིས་ནི་གསར་དར་ཁྲོམ་རའི་རྒྱལ་ཁབ་ཀྱི་འཐུས་ཚབ་གཙོ་བོ་ཡིན་པའི་ཆ་ནས། གཉི་ག་མི་རིགས་བསྐྱར་དར་དང་རྒྱལ་ཁབ་འཛུགས་སྐྲུན་གྱི་གནད་འགག་གི་ལོ་རྒྱུས་དུས་རིམ་དུ་གནས་པ་དང་། ཐུན་མོང་གི་འཐབ་ཇུས་ཁེ་ཕན་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་རོགས་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་དང་འདྲ་མཉམ་དྲང་བདེན་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁབ་གཉིས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས། སང་ལོ་ནི་ཀྲུང་གོ་དང་རྒྱ་གར་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་སྔ་འཛིན་རྗེས་གཏོད་ཀྱི་ལོ་གལ་ཆེན་ཞིག་ཀྱང་ཡིན། ཕྱོགས་གཉིས་ཀྱིས་མཐོ་རིམ་འགྲོ་འོང་དང་རྐྱེན་སྲོལ་རང་བཞིན་གྱི་གྲོས་མོལ་སྲུང་འཛིན་བྱས་ཏེ། དངོས་གཉེར་མཉམ་ལས་ཟབ་སྤེལ་གྱིས་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་དགའ་སྟོན་བྱ་འགུལ་བཟང་པོར་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་ལམ་དུ་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱེད་དགོས་ཟེར།

ཏོ་ཝ་ཨར་གྱིས་བསྟན་དོན། རྒྱ་གར་དང་ཀྲུང་གོ་གཉི་གའི་མགོ་ཁྲིད་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དང་མཐའ་མཚམས་གནད་དོན་ཐག་གཅོད་པར་མདུན་ལྗོངས་གསར་པ་དང་འཐབ་ཇུས་ཀྱི་ཁྲིད་སྟོན་འདོན་སྤྲོད་གནང་ཡོད། ཕྱོགས་གཉིས་ཀྱིས་མགོ་ཁྲིད་པའི་ཐུན་མོང་ལྟ་བ་གལ་ཆེན་ཡོངས་སུ་དོན་འཁྱོལ་བྱེད་པ་དང་། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ། ཆབ་སྲིད་ཡིད་ཆེས་ཇེ་ཆེར་གཏོང་བ། གཉིས་ཕན་མཉམ་ལས་ཟབ་སྤེལ་བྱེད་པ་བཅས་བྱས་ཏེ། གྲོས་མོལ་ལ་བརྟེན་ནས་རྒྱ་གར་དང་ཀྲུང་གོའི་མཐའ་མཚམས་གནད་དོན་སྔ་མོ་ནས་ཐག་བཅད་དེ། རྒྱ་གར་དང་ཀྲུང་གོའི་འབྲེལ་བ་སྔར་ལས་གོང་འཕེལ་དུ་གཏོང་དགོས་ཟེར།

ཕྱོགས་གཉིས་ཀྱིས་མཐའ་མཚམས་གྲོས་མོལ་གྱི་དུས་རིམ་སྔོན་མའི་གྲུབ་འབྲས་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཏེ། ཡིད་ཆེས་བྱེད་ཐབས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་བ་དང་། མཐའ་མཚམས་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་དོ་དམ་ཚོད་འཛིན་སྒྲིག་སྲོལ་བཟོ་བ་དང་། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་དམག་དཔུང་བར་གྱི་འབྲེལ་འདྲིས་བརྗེ་རེས་ལ་ཤུགས་སྣོན་པ། དམག་དཔུང་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་བར་དུ་ཁ་པར་གཏོང་བ། མཐའ་མཚམས་ཐུག་འཕྲད་བྱེད་ས་ཁ་སྣོན་བྱེད་པ། མཐའ་མཚམས་ཉོ་འཚོང་དང་མི་སྣའི་འགྲོ་འོང་རྒྱ་བསྐྱེད་པ་བཅས་ལ་འཐད་པ་བྱུང་། ཕྱོགས་གཉིས་ཀྱིས་སང་ལོར་ཀྲུང་གོ་ནས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་སྐོར་གྱི་དམིགས་བསལ་འཐུས་མིའི་ཐུག་འཕྲད་ཐེངས་ཉེར་གསུམ་པ་སྤེལ་རྒྱུའི་ཐག་བཅད།

ཕྱོགས་གཉིས་ཀྱིས་ད་དུང་མཉམ་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།