ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ཆོས་ལུགས་གཙོ་འཛིན་གྱིས་གྲོས་ཁང་གིས་འདེམ་བསྐོ་མྱུར་དུ་སྤེལ་ནས་ཆབ་སྲིད་ཉེན་ཚབས་སྔ་མོ་ནས་ཐག་གཅོད་རྒྱུའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་ཆེས་མཐོའི་ཆོས་ལུགས་གཙོ་འཛིན་ཞི་སི་ཐ་ཉི་ཡིས་ཚེས་ཉི་ཤུའི་ཉིན་གཏམ་བཤད་སྤེལ་ནས། གྲོས་ཁང་གིས་མྱུར་དུ་འདེམ་བསྐོ་སྤེལ་དགོས་པའི་འབོད་སྐུལ་བཏང་བ་དང་། འདེམ་བསྐོ་མྱུར་དུ་སྤེལ་བ་ནི་ཆབ་སྲིད་ཉེན་ཚབས་ཐག་གཅོད་པའི་ཐབས་ལམ་ཉག་གཅིག་ཡིན་ཞེས་བཤད།

ཞི་སི་ཐ་ཉི་ཡི་འཐུས་ཚབ་པ་ཞིག་གིས་ཉིན་དེར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁ་ཨར་པ་ལཱ་ནས་ཁོའི་གཏམ་བཤད་མ་ཡིག་སྒྲོག་འདོན་བྱས།

ཞི་སི་ཐ་ཉི་ཡི་གཏམ་བཤད་མ་ཡིག་དེའི་ནང་དུ། དེང་སྐབས་ཀྱི་ཉེན་ཁ་ལས་ཐར་ནས་རྨོངས་པ་དང་ཟང་ཟིང་། ནང་འཁྲུག་བཅས་སེལ་བའི་ཆེས་མགྱོགས་པ་དང་ཆེས་ཞི་བའི་ཐབས་ལམ་ནི་མང་ཚོགས་ཀྱི་ཁྲོད་དུ་སོང་ནས་མྱུར་མོར་འདེམ་བསྐོ་སྤེལ་རྒྱུ་དེ་ཡིན་ལ། འདེམ་བསྐོའི་སྔོན་ལ་དྲང་གཞག་སྒོས་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་དགོས་ཞེས་བཀོད་ཡོད།

མིང་བཤད་མི་འདོད་པའི་དབྱི་རག་གི་གྲོས་མི་ཞིག་གིས་ཚེས་བཅུ་དགུ་ཉིན་ཨུ་རུ་སིའི་འཁོར་སྐར་གསར་འགྱུར་ཁང་ལ་བཤད་རྒྱུར། དབྱི་རག་གྲོས་ཁང་གིས་མ་གཞིར་གཟའ་འཁོར་འདིའི་ནང་འདེམ་བསྐོ་བཅའ་ཁྲིམས་གསར་པའི་འཆར་ཟིན་ལ་བརྡས་ཐག་གཅོད་རྩིས་ཡོད་མོད། ཡིན་ནའང་ཕྱོགས་ཁག་སོ་སོའི་བར་དུ་འགལ་བ་ཡོད་པས། བརྡས་ཐག་གཅོད་རྒྱུ་དེ་ཚེས་ཉེར་གསུམ་ཉིན་ལ་རྗེས་སུ་བསྣུར་ཟེར།

ཞི་སི་ཐ་ཉི་ཡིས་ད་དུང་ཐེངས་འདིར་འགོར་འགྱངས་མི་བྱེད་པར་སྲིད་གཞུང་མྱུར་དུ་འཛུགས་རྒྱུའི་འབོད་སྐུལ་བཏང་།

ཟླ་བཅུ་པའི་ཟླ་འགོ་ནས་བཟུང་། དབྱི་རག་གི་དབུས་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་ཁུལ་མང་པོ་ནས་རྔམ་སྟོན་ཁྲོམ་སྐོར་སྤེལ། རྔམ་སྟོན་པས་སྤྱི་ཐུན་ཞབས་ཞུའི་ནུས་པ་ཆུང་བ་དང་ལས་ཤོར་གྱི་ཚད་མཐོ་བར་ངོ་རྒོལ་བྱས་ཏེ། གྲུབ་མཐའི་དབང་བགོའི་ལམ་ལུགས་ལ་བཅོས་སྒྱུར་བྱེད་རྒྱུའི་རེ་བ་བཏོན། དབྱི་རག་སྲིད་གཞུང་གིས་དཔལ་འབྱོར་བཅོས་སྒྱུར་གྱི་བྱེད་ཐབས་ཁ་ཤས་བཏོན་ན་ཡང་མང་ཚོགས་ཀྱི་ཁོང་ཁྲོ་གནོན་མ་ཐུབ་ལ། ཙུང་ལི་མའེ་ཏིས་ཧི་ཡིས་ཟླ་བཅུ་གཅིག་པའི་ཟླ་མཇུག་ལ་འགན་ཁུར་མཚམས་བཞག་པ་ཁྱབ་བསྒྲགས་བྱས།

མ་གཞིར་གྲོས་ཁང་གིས་ཚེས་བཅུ་དགུ་ཉིན་གྱི་ནམ་གུང་གི་སྔོན་ལ་བར་བརྒལ་སྲིད་གཞུང་གི་ཙུང་ལི་གདམ་ནས། ཐེངས་རྗེས་མའི་གྲོས་ཁང་གི་འདེམ་བསྐོའི་སྔོན་ལ་སྲིད་གཞུང་གི་འགན་ནུས་ལག་བསྟར་བྱེད་དགོས་མོད། ཡིན་ནའང་གྲོས་ཁང་ནང་དུ་འགལ་བ་ཧ་ཅང་ཆེ་བས། ཙུང་ལིའི་གདམ་མི་འདེམ་མ་ཐུབ།

དེའི་སྔོན་ལ་ཞི་སི་ཐ་ཉི་ཡིས་ཐེངས་མང་པོར་གཏམ་བཤད་ནས་རྔམ་སྟོན་པར་རྒྱབ་སྐྱོར་བྱས་ཏེ། སྲིད་གཞུང་གིས་དངོས་སུ་བཅོས་སྒྱུར་ཐབས་ལམ་གཏན་འབེབས་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ཐེངས་སྔོན་མའི་གཏམ་བཤད་ཁྲོད་དུ་བཤད་རྒྱུར། རང་ཉིད་ཀྱིས་སྲིད་གཞུང་འཛུགས་པའི་བྱ་བར་ཐེ་གཏོགས་བྱེད་མི་འདོད་ཅེས་བཤད་མྱོང་།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།