ཀྲུང་གོ་བོད་ཀྱི་དྲ་བ།

ཁི་ཝེ་ཐིའི་ནེ་ཀི་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁི་ཝེ་ཐིའི་དབུ་བཞུགས་བློན་ཆེན་སཱ་པཱ་ཧི་ཧཱ་ལི་ཏི་ཡིས་མགོ་ཁྲིད་པའི་སྐབས་གསར་བའི་ནེ་ཀི་ཡིས་ཚེས་བཅུ་བདུན་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

བསྒྲགས་པ་ལྟར་ན། ཁི་ཝེ་ཐིའི་ནེ་ཀི་གསར་བས་ཉིན་དེར་མགོ་ཁྲིད་པ་སཱ་པཱ་ཧི་ཡི་མདུན་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར། དབུ་བཞུགས་བློན་ཆེན་སཱ་པཱ་ཧི་ཧཱ་ལི་ཏི་ཡིས་ལས་འགན་ཁུར་བའི་མཛད་སྒོའི་སྟེང་བསྟན་དོན། ད་ལྟའི་དུས་རིམ་དུ་ཁི་ཝེ་ཐི་འགྲན་རྩོད་མང་བོར་འཕྲད་ཡོད་པ་དང་། ནེ་ཀི་གསར་བས་མཐུན་སྒྲིལ་གཅིག་གྱུར་དང་རོགས་རེས་མཉམ་ལས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་མ་ཟད། འབད་པ་ཆེན་པོས་རྒྱལ་ཁབ་དང་སྤྱི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཟེར། 

སྐབས་འདིའི་ནེ་ཀི་ཁོངས་མི་བཅུ་བཞི་ཡིས་གྲུབ་ཡོད་པ་དང་། དེའི་ནང་བུད་མེད་གསུམ་འདུས། ཟླ་བཅུ་གཅིག་པའི་ཚེས་བཅུ་བཞིའི་ཉིན། ཁི་ཝེ་ཐིའི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་ཅཱ་པུས་ཨར་གྱིས་མགོ་ཁྲིད་པ་སཱ་པཱ་ཧི་ལ་ནེ་ཀིས་མཉམ་དུ་ལས་ཁུར་དགོངས་ཞུ་བྱེད་པའི་སྙན་ཞུ་སྤྲད་དེ་ཆོག་མཆན་ཐོབ། ཚེས་བཅོ་བརྒྱད་ཉིན་མགོ་ཁྲིད་པ་སཱ་པཱ་ཧི་ཡིས་ཡང་བསྐྱར་ཅཱ་པུས་ཨར་དབུ་བཞུགས་བློན་ཆེན་དུ་བསྐོ་འཇོག་བྱས་ཀྱང་། ཅཱ་པུས་ཨར་གྱིས་བསྐོ་འཇོག་དེ་དང་ལེན་མ་བྱས། ཚེས་བཅུ་དགུའི་ཉིན་མགོ་ཁྲིད་པ་སཱ་པཱ་ཧི་ཡིས་ཁི་ཝེ་ཐིའི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་སཱ་པཱ་ཧི་ཧཱ་ལི་ཏི་དབུ་བཞུགས་བློན་ཆེན་དུ་བསྐོ་འཇོག་བྱས་ཏེ། ནེ་ཀི་གསར་བ་རྩ་འཛུགས་བྱེད་པའི་འགན་ཁུར་དུ་བཅུག་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།