ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་དང་ཨུ་རུ་སི་དཀར་པོས་མུ་མཐུད་དུ་ཁྱབ་ཁོངས་སོ་སོའི་རོགས་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་མནའ་མཐུན་རྒྱལ་ཁབ་ཀྱི་ཆིངས་ཡིག་བཀོད་ནས་ལོ་ངོ་ཉི་ཤུ་འགོར་བའི་ཐད་ནས་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་གཉིས་ཕན་གཞི་གཅིག་ཅན་གྱི་འཕེལ་རིམ་དང་ཁྱབ་ཁོངས་སོ་སོའི་རོགས་ལས་ལ་སྐུལ་འདེད་གཏོང་ཐུབ་པར་ཡིད་ཆེས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་འབྲེལ་བ་དེ་དུས་རབས་མང་བོའི་སྲོལ་རྒྱུན་གྱི་སྤུན་ཟླའི་མཛའ་བཤེས་འབྲེལ་བའི་སྟེང་བཙུགས་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱི་རིག་གནས་དང་བསམ་བློ་འདྲ་མཚུངས་ཡིན། ཡིག་ཆ་གལ་ཆེན་དེ་འདྲ་བཀོད་པའི་ལོ་རྒྱུས་ཆོད་དོན་ལས་ཕྱོགས་གཉིས་ཀྱི་འབྲེལ་བ་སྲ་བརྟན་དུ་གཏོང་བའི་ཐུན་མོང་གི་རེ་བསྙེག་མཚོན་ཡོད། ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱིས་གཞི་གཅིག་ཅན་དང་མཉམ་ལས་ཐད་ནས་གྲུབ་འབྲས་བླངས་ཡོད་པ་དང་། བདེ་འཇགས་དང་ཕྱི་འབྲེལ་ཁྱབ་ཁོངས་ནས་མཐུན་སྦྱོར་བྱས་ཡོད། དཔལ་འབྱོར་ཉོ་ཚོང་དང་ས་ཁུལ་གྱི་འབྲེལ་བར་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད་ལ། ཚན་རྩལ་གསར་གཏོད་དང་གཞི་རྒྱ་ཆེ་བའི་མི་གཞུང་ལས་གཞི་དངོས་འབེབས་བྱས་ཡོད། ཕུའུ་ཅིན་གྱིས་དོན་དེར་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་ཟེར། 

ཕུའུ་ཅིན་དང་ལུའུ་ཁཱ་ཧྲིན་ཁི། དེ་མིན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དཔོན་རིགས་ཀྱིས་ཚེས་བདུན་ཉིན་ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་སོ་ཆི་གྲོང་ཁྱེར་ནས་གྲོས་མོལ་བྱས་ཏེ། ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་གཞི་གཅིག་ཅན་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་གནད་དོན་རེ་འགར་གྲོས་བསྡུར་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།