ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་རོགས་སྐྱོར་ལས་ཁུངས་ཤིག་གི་རླངས་འཁོར་ལ་འཇབ་རྒོལ་ཐེབས་ཏེ་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བཞིའི་ཉིན་བཤད་རྒྱུར། རྒྱལ་སྤྱིའི་རྒུད་སྐྱོབ་ལས་ཁུངས་སུ་གཏོགས་པའི་རླངས་འཁོར་ཞིག་ལ་ཉིན་དེར་ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཅཱ་ལཱ་ལཱ་པཱ་ཏི་ནས་འཇབ་རྒོལ་ཐེབས་ཏེ། མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག་ཟེར། 

ནན་ཀི་ཧཱ་ཨར་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཧའོ་ཅི་ཡཱ་ནེ་ཡིས་གསར་འགོད་པར་བཤད་རྒྱུར། ཞོགས་པའི་རླངས་འཁོར་འཚང་ཁ་ཆེ་བའི་སྐབས་སུ། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཅཱ་ལཱ་ལཱ་པཱ་ཏིའི་ཉེན་སྲུང་ས་ཁུལ་དང་པོ་ནས་རྒྱལ་སྤྱིའི་རོགས་སྐྱོར་ལས་ཁུངས་སུ་གཏོགས་པའི་རླངས་འཁོར་ཞིག་ལ་མེ་མདས་བརྒྱབ་པ་དང་། ཤི་རྨས་ཐེབས་པ་ཚང་མ་རླངས་འཁོར་དེའི་སྟེང་གི་མི་སྣ་ཡིན་ལ། ལམ་འགྲོ་བར་རྨས་ཕོག་མེད་ཟེར། ཉེན་རྟོག་ཕྱོགས་ཀྱིས་དོན་དེའི་ཐད་ནས་རྟོག་ཞིབ་བྱེད་བཞིན་ཡོད་ལ། རྗེས་ནས་དོན་རྐྱེན་དེའི་བྱེ་བྲག་གི་ནང་དོན་ཁྱབ་སྒྲོག་བྱ་རྒྱུ་རེད། 

ཨ་ཧྥུའུ་ཧན་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་ཐེབས་པའི་རླངས་འཁོར་དེ་ནི་ཞི་བདེའི་སྨན་བཅོས་ཞབས་ཞུ་ཞེས་པའི་འཇར་པན་གྱི་རོགས་སྐྱོར་ལས་ཁུངས་ཤིག་ཏུ་གཏོགས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།