ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་ཆན་ཁྲོན་ཡ་སི་ཨེ་ཤེ་ཡ་དངུལ་ཁང་གི་ཧང་ཀྲང་གསར་པའི་འགན་འཁུར་རྒྱུ་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་2ཉིན་ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གིས་བསྒྲགས་དོན། དངུལ་ཁང་གི་ཆེས་མཐོའི་ཐབས་ཇུས་སྒྲིག་གཞིའི་ལས་འཛིན་ལྷན་ཚོགས་ཁྲོད་འཇར་པན་གྱི་དཔོན་རིགས་ཆན་ཁྲོན་ཡ་སི་ཨེ་ཤེ་ཡའི་དངུལ་ཁང་གི་ཧང་ཀྲང་གསར་པར་བདམས་ཐོན་བྱུང་བ་རེད།

ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གིས་ད་ལོ་ལོ61ལ་སླེབས་པའི་ཆན་ཁྲོན་ཡ་སི་ནི་མིག་སྔར་འཇར་པན་གྱི་དབུ་བཞུགས་བློན་ཆེན་དང་དེ་བཞིན་ནོར་དོན་ཞིང་ཆེན་དམིགས་བསལ་བློ་འདྲི་བའི་ལས་འགན་ཁུར་ཡོད། ཁོང་གིས2020ལོའི་ཟླ1ཚེས17ཉིན་ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གི་ཧང་ཀྲང་གི་ལས་འགན་འཁུར་རྒྱུ་དང2020ལོའི་ཟླ་1ཚེས་16ཉིན་སྔ་སྣུར་གྱིས་ཀྲུང་ཝེ་ཝུའུ་ཡན་གྱི་ཚབ་ཏུ་འགན་འཁུར་རྒྱུ་ཡིན་ཞེས་བཤད་པ་རེད།

ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གིས་བཤད་རྒྱུར། ཆན་ཁྲོན་ཡ་སིའི་ལོ་40ཙམ་གྱི་ལས་ཀའི་ནང་འཇར་པན་གྱི་ནོར་དོན་ཞིང་ཆེན་དུ་མཐོ་རིམ་གྱི་ལས་གནས་མང་པོ་འཁུར་མྱོང་བ་མ་ཟད། སྲིད་ཇུས་འཕེལ་རྒྱས་གཏོང་བ་དང་། ཕྱི་རྒྱལ་གྱི་དངུལ་བརྗེས་ཉོ་ཚོང་བྱེད་པ། རྒྱལ་སྤྱིའི་ཁྲལ་བསྡུ་སྲིད་ཇུས་སོགས་ཀྱི་ཐད་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་ཟེར།  

ཨེ་ཤེ་ཡའི་དངུལ་ཁང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཁོ་རེ་ཡའི་ཙུང་ལི་གཞོན་པ་དང་ཁེ་ལས་འཆར་འགོད་ནོར་སྲིད་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཀོན་ཧུང་ནན་ཅི་ཡིས་ཨེ་ཤེ་ཡའི་དངུལ་ཁང་ལས་འཛིན་ལྷན་ཚོགས་ཀྱིས་ཆན་ཁྲོན་ཡ་སི་དང་མཉམ་དུ་ལས་དོན་བསྒྲུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་པས། ཆན་ཁྲོན་ཡ་ས་ཡི་རྒྱལ་སྤྱིའི་དངུལ་རྩ་དང་འཕེལ་རྒྱས་ཁྱབ་ཁོངས་ཀྱི་ཕུན་སུམ་ཚོགས་པའི་ཉམས་མྱོང་ལས་ཨེ་ཤེ་ཡའི་དངུལ་ཁང་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་ཐེབས་པར་ཡིད་ཆེས་ཡོད་ཅེས་བཤད་པ་རེད།

ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་ནི་1966ལོར་བཙུགས་པ་དང་སྤྱི་ཁྱབ་ལས་ཁུངས་ཧྥི་ལི་ཕིན་གྱི་རྒྱལ་ས་མཱ་ཉི་ལར་གནས་པ་དང་ད་ཆ་ཁོངས་མི68ཡོད་པ་རེད།

ཨེ་ཤེ་ཡ་དངུལ་ཁང་གི་ཧང་ཀྲང་ནི་ཁོངས་མི་ཁག་ལས་གྲུབ་པའི་ཨེ་ཤེ་ཡ་དངུལ་ཁང་ལས་འཛིན་ལྷན་ཚོགས་ཀྱིས་བདམས་ཐོན་བྱུང་བ་དང་མནའ་འབྲེལ་ཁོངས་མིའི་འདེམས་ཤོག་འཕེན་དབང་དེ་ཨེ་ཤེ་ཡ་དངུལ་ཁང་ལ་མ་དངུལ་གཏོང་བའི་བསྡུར་ཚད་ལ་གཞིགས་ནས་གཏན་འཁེལ་བྱས་པ་རེད། 2018ལོའི་ལོ་མཇུག་བར་འཇར་པན་དང་ཨ་རི་ནི་ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གི་མ་དངུལ་གཏོང་མཁན་གྱི་ཁོངས་མི་ཆེ་ཤོས་ཡིན་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།