ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་མ་ཏེ་རིར་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་2ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་སྐབས་དང་པོ་དེ་སི་ཕེན་གྱི་མ་ཏེ་རིར་བསྡུས་པ་དང་རྒྱལ་ཁབ་ཁག་གི་ཚོགས་ཞུགས་འཐུས་མིས《ཕ་རི་སིའི་གྲོས་ཆོད》ཀྱི་ལག་བསྟར་ཞིབ་སྲོལ་སོགས་ཀྱི་གྲོས་གཞིར་སྔར་ལྟར་གྲོས་མོལ་བྱ་རྒྱུ་ཡིན་པ་རེད།

ད་ཐེངས་ཀྱི་ཚོགས་ཆེན་ནང《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》(གཤམ་དུ《སྤྱི་ཆིངས》ཞེས་བསྡུ་རྒྱུ)ཆིངས་འཇོག་ཕྱོགས་ཀྱི་ཚོགས་འདུ་ཐེངས25པ་སོགས་འབྲེལ་ཡོད་བྱེད་སྒོ་མང་པོ་ཚུད་ཡོད་པ་རེད། འཆར་གཞི་ལྟར་ཚོགས་ཆེན་དེ་ཚེས་2ཉིན་ནས་ཚེས་13ཉིན་བར་འཚོག་རྒྱུ་རེད། འབྲེལ་ཡོད་སྒྲིག་གཞིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། མི་ཁྲི2.9ཙམ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།

《སྤྱི་ཆིངས》ཀྱི་དྲུང་ཡིག་ཁྲུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཚོགས་ཆེན་གྱི་དམིགས་ཚད་གལ་ཆེན་ཞིག་ནི《ཕ་རི་སིའི་གྲོས་ཆོད》ཀྱི་ལག་བསྟར་ཞིབ་སྲོལ་དང་འབྲེལ་བ་ཡོད་པའི་གྲོས་མོལ་ལེགས་གྲུབ་བྱ་རྒྱུ་དེ་རེད། དེའི་ནང《ཕ་རི་སིའི་གྲོས་ཆོད》ཀྱི་དོན་ཚན་དྲུག་པའི་སྐོར་གྱི་གྲོས་མོལ་ཅུང་གལ་ཆེན་ཡིན་པ་དེས་རྒྱལ་སྤྱིའི་གནམ་གཤིས་ཁྲོམ་ར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་བྱ་རྒྱུ་རེད། གཞན་ཡང་ཚོགས་འདུའི་ཐོག་ད་དུང་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བ་ཡོད་པའི་འཚམ་མཐུན་དང་། གྱོང་གུན། གསལ་ཚད། མ་དངུལ་བསྡུ་སྒྲིལ། ནུས་པ་འཛུགས་སྐྱོང་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།

དྲུང་ཡིག་ཁྲུའུ་ཡི་ལག་བསྟར་དྲུང་ཡིག་ཕ་ཐེ་ལི་ཤ·ཨའེ་སི་ཕི་ནུའོ་ས་ཡིས་ཚོགས་འདུ་མ་འཚོགས་གོང་གི་གསལ་བསྒྲགས་ནང་། གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་དུས་ཚོད་ཀྱི་སྐར་ཁུང་མགྱོགས་མྱུར་ངང་སྒོ་རྒྱག་བཞིན་ཡོད་པས་ངེས་པར་དུ་ཕྱོགས་མང་མཉམ་ལས་ཀྱི་ཡོ་བྱད་ཚང་མ་གང་མགྱོགས་ཀྱིས་བཀོད་སྒྲིག་བྱས་ཏེ་ད་ཐེངས་ཀྱི་ཚོགས་ཆེན་དེ་འགོ་ཚུགས་ལས་སྟེགས་ཤིག་ཏུ་འགྱུར་བར་བྱས་ནས་གོ་ལ་ཧྲིལ་པོས་བློ་སྟོབས་ཆེན་པོས་ཐཱན་ཉུང་ཐབས་ལམ་ཐོག་སྐྱོད་ཐུབ་པ་བྱེད་དགོས་ཞེས་བསྟན་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།