ཀྲུང་གོ་བོད་ཀྱི་དྲ་བ།

གནས་སྐོར་འགྲུལ་སྐྱེལ་རླངས་འཁོར་ཞིག་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ཐུ་ནི་ཞི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་གྲོག་རོང་དུ་ལྷུང་སྟེ། མིག་སྔར་མི་ཉེར་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་དྲུག་ལ་རྨས་ཕོག་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུ་ནི་ཞི་ཡཱའི་ནང་སྲིད་པུའུ་ཡིས་ཚེས་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། སྒེར་གྱི་གནས་སྐོར་ཁང་ཞིག་གི་འགྲུལ་སྐྱེལ་རླངས་འཁོར་ཉིན་དེར་ཐུ་ནི་ཞི་ཡཱའི་ནུབ་བྱང་ཕྱོགས་ཀྱི་པཱ་ཅེ་ཞིང་ཆེན་གྱི་རི་ཁུལ་དུ་བགྲོད་སྐབས་ཁ་ལོ་བྱེད་ཐབས་བྲལ་ནས་ལྕགས་རིགས་ཀྱི་འགོག་སྲུང་ལན་ཀན་བརྒལ་ནས་གྲོག་རོང་དུ་ལྷུང་བ་དང་། རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། རླངས་འཁོར་སྟེང་གི་འགྲུལ་བ་མང་ཆེ་བ་ནི་ལོ་ཉི་ཤུ་ཡས་མས་ཅན་གྱི་ཐུ་ནི་ཞི་ཡཱའི་ན་གཞོན་ཡིན་པ་དང་། ཁོ་ཚོ་ཉིན་དེར་རྒྱལ་ས་ནི་ཞི་ཡཱ་ནས་ལམ་དུ་ཆས་ནས་པཱ་ཅེ་ཞིང་ཆེན་གྱི་གྲོང་ཁྱེར་ཞིག་ཏུ་གནས་སྐོར་དུ་འགྲོ་བཞིན་ཡོད་ཟེར།

ཐུ་ནི་ཞི་ཡཱའི་འཕྲོད་བསྟེན་པུའུ་ཡིས་ཚེས་གཅིག་ཉིན་གྱི་དགོང་མོར་སྤེལ་བའི་གནས་ཚུལ་ལྟར་ན། རླངས་འཁོར་སྟེང་དུ་མི་ཉེར་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་དྲུག་ལ་རྨས་ཕོག་ནས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར

ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་དང་ཙུང་ལི་ཧྲ་ཧི་ཏི་གཉིས་ཉིན་དེར་པཱ་ཅེ་ཞིང་ཆེན་དུ་ཡོང་ནས་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། རྨས་མ་དང་འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།