ཀྲུང་གོ་བོད་ཀྱི་དྲ་བ།

ཁཱ་ཐར་གྱི་མགོ་ཁྲིད་པ་དང་ཨ་པཱ་སི་ཡིས་ཕཱ་ལེ་སི་ཐན་གྱི་གནད་དོན་ཐད་ནས་ལངས་ཕྱོགས་མཐུན་སྦྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་ཡིས་ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཕཱ་ལེ་སི་ཐན་གྱི་གནས་བབ་གསར་བའི་ཐད་ནས་ལངས་ཕྱོགས་མཐུན་སྦྱོར་བྱས། 

ཐཱ་མུས་མུའུ་དང་ཨ་པཱ་སི་ཡིས་གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་། དབྱི་སི་རལ་གྱིས་ཉེ་སྔོན་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་ཕན་རྡོག་བརྫིས་བཏང་བ། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ཕཱ་ལེ་སི་ཐན་གྱི་འདེམ་བསྐོའི་བྱ་འགུལ་ཆེན་མོ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཨ་པཱ་སི་ཡིས་ད་རུང་ཐཱ་མུས་མུའུ་ལ་ཕཱ་ལེ་སི་ཐན་སྲིད་གཞུང་གིས་གནད་དོན་དེ་དག་ལ་བཟུང་བའི་ལངས་ཕྱོགས་སྙན་ཞུ་བྱས། 

གཞན་ཡང་བསྒྲགས་པ་ལྟར་ན། ཨ་པཱ་སི་ཡིས་ཐེངས་འདིར་ཁཱ་ཐར་དུ་འཚམས་འདྲི་བྱེད་པ་ནི་ཨ་པཱ་སི་དང་ཨ་རབ་སྤུན་ཟླའི་རྒྱུན་མཐུད་གྲོས་མོལ་གྱི་ཁག་ཅིག་ཡིན་པ་དང་། དམིགས་ཡུལ་ནི་ཨ་རབ་རྒྱལ་ཁབ་དག་གིས་ཕཱ་ལེ་སི་ཐན་ལ་རྒྱབ་སྐྱོར་བྱེད་པར་བརྩོན་ལེན་བྱེད་པའི་ཆེད་རེད། ཨ་པཱ་སི་ཡིས་ཁཱ་ཐར་དུ་འཚམས་འདྲི་བྱས་པར་གྲུབ་འབྲས་བཟང་བོ་ཐོབ། ཁཱ་ཐར་གྱིས་ཕཱ་ལེ་སི་ཐན་ལ་རྒྱབ་སྐྱོར་བྱས་པར་མ་ཟད། ཁཱ་ཐར་གྱིས་ཕཱ་ལེ་སི་ཐན་ལ་མེ་སྒོར་བྱེ་བ་གཉིས་དང་ས་ཡ་ལྔའི་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ཕཱ་ལེ་སི་ཐན་གྱི་འདེམ་བསྐོའི་བྱ་འགུལ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།