ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་འཇར་པན་གྱི་སློབ་གསོའི་བརྗེ་རེས་ཚོགས་འདུ་སྐབས་དྲུག་པ་འཇར་པན་གྱི་ཏཱ་པན་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་དང་འཇར་པན་གྱི་སློབ་གསོའི་བརྗེ་རེས་ཚོགས་འདུ་སྐབས་དྲུག་པ་ཚེས་ཉེར་བདུན་ཉིན་འཇར་པན་གྱི་ཏཱ་པན་ནས་སྤེལ། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་སློབ་ཆེན་དང་འབྲིང་རིམ་སློབ་གླིང་བརྒྱ་དང་ང་གཉིས་ནས་ཡོང་བའི་སློབ་གྲྭའི་མགོ་ཁྲིད་པ་དང་དགེ་སློབ་བཞི་བརྒྱ་ལྷག་ལྷན་དུ་འཛོམས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སློབ་གླིང་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོ་དང་འཇར་པན་གྱི་མཛའ་མཐུན་ལ་ཡར་སྐུལ་གཏོང་བ་སོགས་གྲོས་གཞིའི་ཐད་ནས་བརྗེ་རེས་བྱས། 

ཏཱ་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ལིས་ཐེན་རན་གྱིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། སྐབས་འདིའི་ཀྲུང་གོ་དང་འཇར་པན་གྱི་སློབ་གསོའི་བརྗེ་རེས་ཚོགས་འདུ་དེ་ཀྲུང་གོ་དང་འཇར་པན་གྱི་མཐོ་རིམ་མི་གཞུང་བརྗེ་རེས་གྲོས་མོལ་རྐྱེན་སྲོལ་ལག་བསྟར་བྱས་རྗེས་ཀྱི་ཆུ་ཚད་མཐོ་བའི་མི་གཞུང་བརྗེ་རེས་བྱ་འགུལ་ཐོག་མ་ཡིན་པའི་ཆ་ནས། རྒྱལ་ཁབ་གཉིས་ཀྱི་སློབ་གསོའི་ལས་རིགས་ཀྱི་མི་སྣས་དེ་གོ་སྐབས་སུ་བྱས་ཏེ། རྒྱ་ཆེར་བརྗེ་རེས་དང་ཐུན་མོང་གི་ལྟ་ཚུལ་འབྱུང་བར་བྱེད་པ། ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་སྤྱོད་ཀྱི་མཉམ་ལས་ལས་གཞི་མང་བོར་སྐུལ་འདེད་གཏོང་བ་དང་། མཉམ་དུ་དུས་རབས་གསར་བའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་དང་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར། 

འཇར་པན་རིག་གནས་པུའུ་ཡི་མཐོ་རིམ་སློབ་གསོ་ཅུའུ་རྒྱལ་སྤྱིའི་འཐབ་ཇུས་དབྱེ་ཞིབ་དཔོན་པོ་ལིན་ཧི་ཡན་གྱིས་ཞུ་ཚིག་འབུལ་སྐབས་ནན་གྱིས་བསྟན་དོན། འཇར་པན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སློབ་ཆེན་སློབ་མའི་བར་གྱི་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དེ། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོབ་བ་དང་འཇར་པན་དང་ཀྲུང་གོའི་མཉམ་ལས་འབྲེལ་བ་བརྟན་པོ་འཛུགས་པར་གལ་འགངས་ཧ་ཅང་ཆེ། མིག་སྔར་འཇར་པན་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་དཔལ་འབྱོར་བྱ་འགུལ་དང་མི་གཞུང་བརྗེ་རེས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཕན་ཚུན་བར་གྱི་ཤེས་ལྡན་མི་སྣ་དང་ཤེས་བྱའི་བརྗེ་རེས་རྒྱ་བསྐྱེད་པར་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད་ཟེར། 

རྒྱལ་ཁབ་གཉིས་ཀྱི་སློབ་ཆེན་མགོ་ཁྲིད་པས་གླེང་སྟེགས་སྟེང་བསྟན་དོན། ཕྱིན་ཆད་སྔར་ལས་ལྷག་པའི་སྒོ་ནས་ཕན་ཚུན་བར་ཕྱི་འགྲིམ་སློབ་མ་མངག་གཏོང་བྱེད་པའི་གཞི་རྒྱ་ཇེ་ཆེར་བཏང་ནས་ཟོལ་མེད་ཀྱིས་སློབ་གྲྭ་རང་གི་རྒྱལ་སྤྱི་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

བརྗེ་རེས་ཚོགས་འདུའི་བྱ་འགུལ་གཙོ་བོར་གྱུར་བའི་སློབ་ཆེན་སློབ་མའི་རྒྱལ་སྤྱིའི་ལས་སྐྲུན་འགྲན་སྡུར་ཆེན་མོའི་རྟིང་རྩོད་འགྲན་སྡུར་ཉིན་དེར་མཇུག་སྒྲིལ། ཀྲུང་གོ་དང་འཇར་པན། ཡོ་ནན་བཅས་ཀྱི་སློབ་ཆེན་བཅུ་ལྷག་ནས་ཡོང་བའི་འཐུས་མི་རྟིང་རྩོད་འགྲན་སྡུར་ལ་ཞུགས་པ་དང་། མཇུག་མཐར་འཇར་པན་ཏུང་ཅིན་སློབ་ཆེན་གྱི་འཐུས་མིའི་རུ་ཁག་ལ་བྱ་དགའ་ཨང་དང་པོ་ཐོབ། 

སྐབས་འདིའི་ཀྲུང་གོ་དང་འཇར་པན་གྱི་སློབ་གསོའི་བརྗེ་རེས་ཚོགས་འདུ་དེ་ཀྲུང་གོའི་སློབ་གསོའི་རྒྱལ་སྤྱིའི་བརྗེ་རེས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། འཇར་པན་དང་ཀྲུང་གོའི་རིག་གནས་བརྗེ་རེས་ལྟེ་གནས་ཀྱིས་སྒྲུབ་འགན་ཁུར་ཡོད། བརྗེ་རེས་ཚོགས་འདུ་དེའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་སློབ་གླིང་དང་མཁས་པ། ན་གཞོན་བཅས་ལ་འབྲེལ་འདྲིས་གྲོས་མོལ་གྱི་སྟེགས་བུ་བསྐྲུན་ཏེ། རྒྱལ་ཁབ་གཉིས་ཀྱི་མི་གཞུང་ཁྱབ་ཁོངས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་། མང་ཚོགས་བར་གྱི་བཟོད་སྒོམ་དང་མཛའ་མཐུན་ཇེ་དྲག་ཏུ་བཏང་ནས། ཀྲུང་གོ་དང་འཇར་པན་གྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་ནུས་པ་གལ་ཆེན་འདོན་པའི་ཆེད་དུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།