ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ནས་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ཚེས་ཉེར་དྲུག་ཉིན་ཧན་གོའི་ཧྥུའུ་ཧྲན་ནས་མཇུག་སྒྲིལ། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པ་དག་གིས་ལངས་ཕྱོགས་གསལ་བོའི་སྒོ་ནས་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་པ་དང་། རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པའི་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱས། 

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་ཞིང་། ཧན་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུའི་མགོ་ཁྲིད་པ་དང་མཐོ་རིམ་དཔོན་པོ་གྲོས་ཚོགས་ལ་ཞུགས། མཐོ་རིམ་གྲོས་ཚོགས་ནས་ཧན་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཞི་བདེའི་དར་རྒྱས་དང་གྲོགས་པོའི་འབྲེལ་བའི་མཉམ་འབྲེལ་རེ་འདུན་གསལ་སྒྲོག་དང་དམིགས་བསལ་མཐོ་རིམ་གྲོས་ཚོགས་ཀྱི་མཉམ་འབྲེལ་ཀྲུའུ་ཞིའི་གསལ་སྒྲོག་སྤེལ། 

གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པ་དག་གིས་མཉམ་འབྲེལ་རེ་འདུན་གསལ་སྒྲོག་ནང་། ཉོ་ཚོང་དང་དངུལ་གཏོང་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱས་ཤིང་། རྣམ་པ་གང་རུང་གི་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ཏེ། ས་ཁུལ་གྱི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཞོར་དུ་མུ་མཐུད་དུ་མཉམ་ལས་ལ་བརྟེན་ནས་ས་ཁུལ་གྱི་འཕེལ་རྒྱས་བར་ཁྱད་ཇེ་ཆུང་དུ་གཏོང་རྒྱུ་བསྐྱར་སྒྲོག་བྱས། 

ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་མཉམ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཐད་ཀྱི་སེམས་ཁུར་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཧན་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་རང་དབང་ཉོ་ཚོང་ནི་ཐུན་མོང་དར་རྒྱས་ཀྱི་ཐབས་ལམ་ཉག་ཅིག་ཡིན་པ་བསྐྱར་སྒྲོག་བྱས། ཕྱོགས་གཉིས་ཀྱིས་ཧན་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རང་དབང་ཉོ་ཚོང་གྲོས་ཆོད་རྨང་གཞིར་བྱས་ཏེ་རང་དབང་ཉོ་ཚོང་གི་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་པར་ཡིད་འཐད་བྱུང་། 

གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པ་དག་གིས་ས་ཁོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་རེ་སྒུག་བྱེད་པའི་བསམ་ཚུལ་བསྟན། མཉམ་འབྲེལ་ཀྲུའུ་ཞིའི་གསལ་སྒྲོག་ལས་བསྟན་དོན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་དང་ཧན་གོ་འདུས་པའི་རྒྱལ་ཁབ་དག་གིས་ད་ལོའི་ཟླ་བཅུ་གཅིག་པའི་ཚེས་བཞིའི་ཉིན་མན་ཀུའུ་ནས་གྲོས་མཐུན་མ་ཡིག་གི་གྲོས་མོལ་ཡོངས་འགྲུབ་བྱས་པར་དགའ་བསུ་ཞུས་པར་མ་ཟད། མཉམ་དུ་འབད་བརྩོན་བྱས་ནས་ཉིས་སྟོང་ཉི་ཤུའི་ལོར་གྲོས་མཐུན་འགོད་པར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར། 

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་སྐབས་སུ། ཕྱོགས་གཉིས་ཀྱིས་ད་རུང་མི་གཞི་རྩར་བྱས་པའི་ཞི་བདེའི་དར་རྒྱས་ཀྱི་ཐུན་མོང་ཚོགས་པ་འཛུགས་པར་ཐུན་མོང་གི་ལྟ་ཚུལ་བྱུང་བ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་དང་མཉམ་འབྲེལ་གཅིག་བརྟེན། རྒྱུན་མཐུད་འཕེལ་རྒྱས། མི་གཞུང་སྤྱི་ཚོགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱ་རྒྱུའི་ཚུལ་བསྟན། 

གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པ་དག་གིས་ད་རུང་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། མཉམ་འབྲེལ་རེ་འདུན་གསལ་སྒྲོག་ལས་བསྟན་དོན། གྲོས་མོལ་དང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཁྲའོ་ཞན་ཕྱེད་གླིང་གིས་ཞི་བདེའི་བྱེད་ཐབས་ཀྱིས་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དང་དུས་གཏན་གྱི་ཞི་བདེ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར། 

ད་ལོ་ནི་ཧན་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་བར་གྲོས་མོལ་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་ལོ་ཡིན་པས། ཧན་གོའི་སྲིད་གཞུང་གིས་དེའི་སྔོན་ལྷོ་ཕྱོགས་ཀྱི་སྲིད་ཇུས་གསར་བ་བཏོན་པ་དང་། དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་ཧན་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་རྒྱལ་ཁབ་བར་གྱི་འབྲེལ་བར་ཤུགས་སྣོན་པའི་ཆེད་དུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།