ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སིའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་གསོན་ཤུགས་སྲུང་འཛིན་བྱས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉི་ཤུའི་ཉིན་བསྟན་དོན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་དལ་ཡང་། ཨུ་རུ་སིའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་སྔར་བཞིན་གསོན་ཤུགས་སྲུང་འཛིན་བྱས་ཡོད་ཟེར། 

ཕུའུ་ཅིན་གྱིས་ཉིན་དེར་མའོ་སི་ཁི་ནས་སྤེལ་བའི་ཨུ་རུ་སིའི་འབོད་པ་ཞེས་པའི་རྒྱལ་སྤྱིའི་དངུལ་གཏོང་གླེང་སྟེགས་སྟེང་བཤད་རྒྱུར། ཨུ་རུ་སིའི་ན་ནིང་གི་རྒྱལ་ནང་སྤྱིའི་ཐོན་རིན་བརྒྱ་ཆའི་གཉིས་དང་གྲངས་ཆུང་གསུམ་འཕར་ཡོད་པ་དང་། ད་ལོའི་སྔོན་གྱི་དུས་ཚིགས་གསུམ་ནང་བརྒྱ་ཆའི་གཅིག་དང་གྲངས་ཆུང་གཅིག་འཕར་ཡོད། ཨུ་རུ་སིའི་དཔལ་འབྱོར་འཕེལ་རྒྱས་པུའུ་ཡི་གཞི་གྲངས་ལྟར་ན། ད་ལོའི་ལོ་སྨད་དུ་ཨུ་རུ་སིའི་དཔལ་འབྱོར་ལ་འཕར་སྣོན་མངོན་གསལ་འབྱུང་སྲིད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིའི་ལས་ཤོར་གྱི་ཚད་ཇེ་དམའ་རུ་འགྲོ་བཞིན་ཡོད་པ་དང་། ད་ལོའི་ཟླ་དང་པོ་ནས་ཟླ་དགུ་བའི་བར་གྱི་ལས་ཤོར་གྱི་ཚད་བརྒྱ་ཆའི་བཞི་དང་གྲངས་ཆུང་དྲུག་ཡིན། དེ་ལས་གཞན་ཨུ་རུ་སིའི་དངུལ་ལོར་ཚད་བརྒལ་འགྲེམ་པའི་ཚད་ཇེ་དམར་སོང་བའི་མྱུར་ཚད་སྔོན་དཔག་ལས་མགྱོགས་པ་དང་། མིག་སྔར་དངུལ་ལོར་ཚད་བརྒལ་འགྲེམ་པའི་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་དྲུག་ཡིན། སང་ལོའི་ལོ་མགོར་བརྒྱ་ཆའི་གསུམ་དང་ཡང་ན་དེ་ལས་ཀྱང་དམའ་བའི་ཚད་དུ་བསླེབ་ཐུབ་པའི་རེ་བ་ཡོད་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། ཚོད་དཔག་རགས་ཙམ་བྱས་པ་ལྟར་ན། ཨུ་རུ་སིའི་ད་ལོའི་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་གི་ཚད་ཀྱིས་བརྒྱ་ནང་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་ཉེར་གཅིག་དང་གྲངས་ཆུང་དྲུག་ཟིན་ཡོད། ཨུ་རུ་སི་ཡིས་སྐོར་ཐེངས་གསར་བའི་དངུལ་གཏོང་འཆར་གཞི་ལག་བསྟར་བྱས་ནས། བསྡུར་ཚད་དེ་བརྒྱ་ཆའི་ཉེར་ལྔའི་བར་ཇེ་མཐོར་གཏོང་རྒྱུ་ཡིན་པ་དང་། མ་འོངས་པར་བརྒྱ་ཆའི་ཉེར་བདུན་དུ་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར། 

ཨུ་རུ་སིའི་འབོད་པ་ཞེས་པའི་རྒྱལ་སྤྱིའི་དངུལ་གཏོང་གླེང་སྟེགས་ནི་ཨུ་རུ་སིའི་ཕྱི་ཕྱོགས་ཉོ་ཚོང་དངུལ་ཁང་གིས་སྤེལ་བ་དང་། དམིགས་ཡུལ་ནི་ཨུ་རུ་སིའི་དཔལ་འབྱོར་འཕེལ་རྒྱས་ཐད་མ་དངུལ་ནང་འགུག་བྱེད་པ་དང་། ཨུ་རུ་སིའི་ཁེ་ལས་དང་ཕྱི་རྒྱལ་གྱི་དངུལ་གཏོང་མཁན་བར་གྲོས་མོལ་གྱི་སྟེགས་བུ་ཞིག་བསྐྲུན་པའི་ཆེད་དུ་རེད། ད་ལོའི་གླེང་སྟེགས་དེ་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཉིས་བར་སྤེལ་རྒྱུ་ཡིན་པ་དང་། རྒྱལ་ཁབ་དྲུག་ཅུ་ལྷག་གི་དངུལ་གཏོང་མཁན་དང་ཁེ་ལས་པ། དངུལ་ལོར་དངུལ་གཏོང་ཁྱབ་ཁོངས་ཀྱི་ཆེད་མཁས་པ་བཅས་མི་སྟོང་གཉིས་དང་ལྔ་བརྒྱ་ལྷག་གླེང་སྟེགས་ལ་ཞུགས་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།