ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱི་སྣུམ་འདྲེན་སྦུག་ལམ་ཞིག་ལས་འབར་སྣུམ་ཕྱིར་ཤོར་ནས་མེ་སྐྱོན་བྱུང་སྟེ་ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བྱང་ཕྱོགས་ཀྱི་པུའུ་ཧེ་ལཱ་ཞིང་ཆེན་གྱི་སྣུམ་འདྲེན་སྦུག་ལམ་ཞིག་ལས་ཉིན་དེར་འབར་སྣུམ་ཕྱིར་ཤོར་ནས་ཉེ་འདབས་ས་ཁུལ་དུ་མེ་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་ལྔར་རྨས་ཕོག་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་འཕྲོད་བསྟེན་པུའུ་ཡིས་མྱུར་སྐྱོབ་རླངས་འཁོར་ཉི་ཤུ་མངག་གཏོང་བྱས་པ་དང་། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ཡོད་ཟེར། 

ཨེ་ཅིབ་རྡོ་སྣུམ་པུའུ་ཡི་དཔོན་པོ་ཞིག་གིས་བཤད་རྒྱུར། སྦུག་ལམ་ལས་འབར་སྣུམ་ཕྱིར་ཤོར་བ་ནི་མི་གཞན་གྱིས་འབར་སྣུམ་བརྐུ་རྩིས་བྱས་ཏེ་སྦུག་ལམ་སྟེང་བུ་ག་བརྟོལ་བ་དང་། དེའི་དབང་གིས་འབར་སྣུམ་དེ་སྡེ་བའི་ཉེ་འདབས་ཀྱི་སྐྱེལ་འདྲེན་ཆུ་བོ་ཞིག་གི་ནང་དུ་བཞུར་བ་རེད་ཟེར། 

པུའུ་ཧེ་ལཱ་ཞིང་ཆེན་གྱི་དཔོན་རིགས་ཀྱིས་བཤད་རྒྱུར། འབར་སྣུམ་དེ་སྐྱེལ་འདྲེན་ཆུ་བོའི་ནང་བཞུར་རྗེས། སྡེ་མི་མང་བོ་ཆུ་འགྲམ་དུ་ཡོང་བ་དང་། མི་མང་བོ་ཞིག་ལ་དེའི་རྗེས་སུ་བྱུང་བའི་མེ་སྐྱོན་ཁྲོད་ཤི་རྨས་ཐེབས་ཡོད་ལ། མིག་སྔར་མེ་སྐྱོན་དེ་ཡོངས་སུ་བསད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།