ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་བྱང་ཕྱོགས་ཀྱི་མཐའ་མཚམས་གྲོང་རྡལ་ནས་རླངས་འཁོར་འགས་གཏོར་བྱུང་སྟེ་མི་མང་བོར་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་མཐའ་མཚམས་གྲོང་རྡལ་ཐེ་ལེ་ཨེ་པུའུ་ཡེ་ཏི་ནས་ཉིན་དེར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་སེར་དཀྱུས་མ་མང་བོར་ཤི་རྨས་ཐེབས་ཡོད་ཟེར། 

འགས་གཏོར་དོན་རྐྱེན་དེ་སི་རི་ཡཱའི་བྱང་ཕྱོགས་དང་ཐུར་ཁེའི་འབྲེལ་མཚམས་ཀྱི་གྲོང་རྡལ་ཐེ་ལེ་ཨེ་པུའུ་ཡེ་ཏི་ནས་བྱུང་བ་དང་། འགད་རྫས་དྲུད་པའི་རླངས་འཁོར་ཞིག་ས་དེའི་ཚོང་ར་ཞིག་གི་སྒོ་ཁ་ནས་འགས་གཏོར་བྱུང་སྟེ། མི་སེར་དཀྱུས་མ་མང་བོར་ཤི་རྨས་བཟོས་པ་དང་། སྡོད་དམངས་ཀྱི་རྒྱུ་ནོར་ལ་གྱོང་གུད་ཐེབས་ཡོད། 

གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇིའི་ལོན་ཏོན་དུ་བཙུགས་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་ཚན་ཆུང་གིས་འདོན་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། ཉུང་མཐར་ཡང་མི་བཅུ་འགས་གཏོར་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། འདས་པོའི་གྲས་སུ་མི་སེར་དཀྱུས་མ་དང་ཐུར་ཁེས་རྒྱབ་སྐྱོར་བྱེད་པའི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣ་འདུས་ཡོད། གཞན་ཡང་མི་ཉི་ཤུར་རྨས་ཕོག་ཡོད་ཟེར། 

ཐེ་ལེ་ཨེ་པུའུ་ཡེ་ཏི་ནས་ཟླ་སྔོན་མའི་ཚེས་ཉེར་བཞིའི་ཉིན་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་བཞིར་རྨས་ཕོག་པའི་གནས་ཚུལ་བྱུང་མྱོང་།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།