ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་རི་ནེ་ཝ་ནས་དངོས་སུ་བྱ་བ་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག དམངས་ཁྲོད་མི་སྣའི་འཐུས་མི་བཅས་ཀྱིས་གྲུབ་པའི་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་རི་ནེ་ཝ་ནས་དངོས་སུ་བྱ་བ་སྤེལ་ཏེ། རྩ་ཁྲིམས་བཅོས་བསྒྱུར་གྱི་ལས་དོན་ཐད་ནས་བྱ་བ་སྤེལ་མགོ་བརྩམས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་པིས་ཏི་སིན་གྱིས་ཉིན་དེར་བྱ་བ་སྤེལ་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བྱ་བ་སྤེལ་མགོ་བརྩམས་པ་ལས་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་མིས་ཐོག་དང་པོར་ལྷན་དུ་གྲོས་མོལ་བྱེད་དུ་བཅུག་ཡོད་ལ། དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་དུས་སྐབས་ཤིག་ཡིན་པ་དང་། ལོ་ངོ་དགུའི་རིང་ལ་རྒྱུན་བསྲིངས་པའི་སི་རི་ཡཱའི་ཉམས་ཉེན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་ཕྱོགས་ནས་གྲུབ་འབྲས་གལ་ཆེན་ཞིག་བླངས་པ་མཚོན་ཡོད་ཟེར། 

པིས་ཏི་སིན་གྱིས་བཤད་རྒྱུར། སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཀྱི་ཁྲིད་སྟོན་འོག སི་རི་ཡཱའི་བདག་དབང་དང་སྒེར་ཚུགས། གཅིག་གྱུར། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ཀྱི་རྩ་དོན་བརྩི་སྲུང་བྱས་ཤིང་། སི་རི་ཡཱའི་མི་ལ་དབང་བ་དང་སི་རི་ཡཱའི་མི་ཡིས་གཙོ་ཁྲིད་བྱེད་པའི་རྨང་གཞིའི་སྟེང་རྩ་ཁྲིམས་ལ་བཅོས་བསྒྱུར་བྱེད་པ་དང་། དེ་གོ་སྐབས་སུ་བྱས་ནས་ཕྱོགས་ཡོངས་ནས་སི་རི་ཡཱའི་གནད་དོན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར། འཐུས་ཚབ་རང་བཞིན་ཆེས་ཆེར་ལྡན་པ་དང་བཟོད་སྒོམ་རང་བཞིན་ལྡན་པའི་རྩ་ཁྲིམས་ཤིག་གིས་འཁྲུག་རྩོད་ལས་བཟོས་པའི་རྨ་ཁ་སངས་དྲག་ཏུ་གཏོང་བར་ཕན་ཐོགས་ཡོད་པར་མ་ཟད། ཡུན་ཡུན་འགྲིག་མཐུན་གྱི་ཆེད་དུ་རྨང་གཞི་བརྟན་པོ་འདིང་ཐུབ་ཟེར། 

པིས་ཏི་སིན་གྱིས་བསྟན་དོན། གསར་དུ་བཙུགས་པའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་ཁྲོད་བུད་མེད་ཀྱི་འཐུས་མིས་བརྒྱ་ཆའི་སུམ་ཅུ་ཟིན་ཡོད་པ་དང་། ཕལ་ཆེར་འབྲེལ་ཡོད་ཕྱོགས་ཀྱིས་རེ་སྒུག་བྱེད་པའི་ཆེས་དམའ་བའི་ཚད་དུ་བསླེབ་ཡོད་ཟེར། 

སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྲིད་གཞུང་གི་ཚབ་བྱེད་པའི་མཉམ་ཞུགས་ཀྲུའུ་ཞི་ཁུའུ་ཆི་པཱ་ལི་ཡིས་མཛད་སྒོའི་སྟེང་བཤད་རྒྱུར། རེ་འདུན་དྲག་པོ་དང་ཆོད་སེམས་བརྟན་པོ་ཡོད་ན། ད་གཟོད་ཨུ་ཡོན་ལྷན་ཁང་གི་སྔོན་གྱི་དམིགས་འབེན་མངོན་འགྱུར་བྱེད་སྲིད། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་ཚབ་བྱས་པའི་མཉམ་ཞུགས་ཀྲུའུ་ཞི་ཧཱ་ཏིས་པཱ་ཧི་ལཱ་ཡིས་བསྟན་དོན། སི་རི་ཡཱའི་མི་རྣམས་ཀྱིས་ངེས་པར་དུ་སྔོན་ཆད་ཀྱི་རྨ་ཁ་དང་དཀའ་སྡུག་བསྐྱུར་ནས་ཕན་ཚུན་གྱི་བསམ་འཆར་ལ་ཉན་པ་དང་ཕན་ཚུན་བཟོད་སྒོམ་བྱས་ཏེ་ཕྱོགས་གཉིས་བར་གྱི་ཐུན་མོང་གི་ལྟ་ཚུལ་ཇེ་དྲག་ཏུ་གཏོང་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉའི་གཞུང་སྒྲུབ་ཁང་གིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་གྱི་ཕྱི་དྲོར་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཚང་མའི་མིང་ཐོ་ཁྱབ་སྒྲོག་བྱས། 

འབྲེལ་ཡོད་ཀྱི་བཀོད་སྒྲིག་ལྟར་ན། ཁོངས་མི་བརྒྱ་དང་ལྔ་བཅུས་གྲུབ་པའི་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བྱ་བ་སྤེལ་མགོ་བརྩམས་རྗེས་ཀྱི་ཉིན་འགའི་ནང་གསང་བའི་གྲོས་བསྡུར་བྱས་ཏེ། རྩ་ཁྲིམས་བཅོས་བསྒྱུར་དང་འབྲེལ་ཡོད་ཀྱི་ཆབ་སྲིད་འཕེལ་རིམ་ལ་རྨང་འདིང་བར་སྟབས་བདེ་བཟོ་རྒྱུ་ཡིན་པ་དང་། དེའི་རྗེས་སུ་མི་ཞེ་ལྔའི་ཚན་ཆུང་ཞིག་བཙུགས་ཏེ་རི་ནེ་ཝ་ནས་མུ་མཐུད་དུ་བྱེ་བྲག་གི་བྱ་བ་སྤེལ་རྒྱུ་རེད། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།