ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་འདེམ་བསྐོའི་ཐོག་མའི་མཇུག་འབྲས་དེ་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞིའི་ཉིན་བར་ཕྱིར་འགྱངས་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་སྒེར་ཚུགས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ནོའུ་ལི་སི་ཐཱ་ནེ་ཡིས་ཚེས་ཉེར་བདུན་ཉིན་ཁྱབ་སྒྲོག་བྱས་དོན། ཙུང་ཐུང་འདེམ་བསྐོའི་ཐོག་མའི་མཇུག་འབྲས་དེ་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞིའི་ཉིན་བར་ཕྱིར་འགྱངས་བྱེད་རྒྱུ་ཡིན་ཟེར། 

ནོའུ་ལི་སི་ཐཱ་ནེ་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འདེམ་བསྐོ་དེ་ཨ་ཧྥུའུ་ཧན་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བ་དང་། མྱུར་ཚད་ཀྱི་ཆེད་དུ་འདེམ་ཤོག་རྩིས་ལེན་བྱེད་སྐབས་ཀྱི་མངོན་གསལ་རང་བཞིན་ལ་གནོད་པ་ཐེབས་མི་རུང་ཟེར། 

ཨ་ཧྥུའུ་ཧན་གྱིས་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ཟླ་བཅུ་བའི་ཚེས་བཅུ་དགུའི་ཉིན་ཐོག་མའི་མཇུག་འབྲས་ཁྱབ་སྒྲོག་བྱེད་པར་གཏན་འཁེལ་བྱས་ཡོད་ཀྱང་རྗེས་སུ་སྣུར་བ་རེད། འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་དཔོན་པོས་སྐབས་ཐོག་དེར་བསྟན་དོན། འདེམ་ཤོག་རྩིས་ལེན་བྱེད་སྐབས་ཀྱི་མངོན་གསལ་རང་བཞིན་ལ་ཁག་ཐེག་བྱེད་ཆེད། སྔོན་གཏན་འཁེལ་བྱས་པའི་དུས་ཚོད་ལས་གཟའ་འཁོར་གཅིག་ནས་ཉིན་བཅུ་ཡིས་ཕྱིར་འགྱངས་བྱེད་སྲིད་ཟེར། 

བསྒྲགས་པ་ལྟར་ན། ལག་རྩལ་གྱི་རྒྱུ་རྐྱེན་དབང་གིས་ཐོག་མའི་མཇུག་འབྲས་ཡང་བསྐྱར་ཕྱིར་འགྱངས་བྱས་པ་རེད་ཟེར། འཇར་མན་གྱི་ཁེ་ལས་ཤིག་གིས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་གསལ་འབྱེད་སྒྲིག་ཆས་འདོན་སྤྲོད་བྱས་ཀྱང་། ཁེ་ལས་དེའི་མ་ལག་དེ་ཉེ་སྔོན་གཞན་གྱི་ཤུགས་རྐྱེན་ཐེབས་ཡོད་པ་རེད། དེ་ལས་གཞན་འདེམ་བསྐོའི་བྱ་འགུལ་ལ་ལུགས་འགལ་གྱི་སྣང་ཚུལ་གཞན་པའང་བྱུང་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།