ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་སྲིད་གཞུང་གིས་ཁྲའོ་ཞན་ཕྱོགས་ཀྱིས་ཅིན་ཀང་རི་བོའི་གནས་སྐོར་ས་ཁུལ་གྱི་ཧན་གོ་ཕྱོགས་ཀྱི་སྒྲིག་ཆས་གཏོར་ལེན་བྱ་དགོས་པའི་རེ་བ་བཏོན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་གཅིག་གྱུར་པུའུ་ཡིས་ཚེས་ཉེར་ལྔ་ཉིན་བསྟན་དོན། ཁྲའོ་ཞན་ཕྱོགས་ཀྱིས་ཉིན་དེར་ཧན་གོར་བརྡ་བཏང་སྟེ། གཏན་འཁེལ་བྱས་པའི་དུས་ཚོད་ནང་ཅིན་ཀང་རི་བོའི་གནས་སྐོར་ས་ཁུལ་གྱི་ཧན་གོ་ཕྱོགས་ཀྱི་སྒྲིག་ཆས་གཏོར་ལེན་བྱ་དགོས་པའི་རེ་བ་བཏོན་ཡོད་ཟེར། 

གཅིག་གྱུར་པུའུ་ཡི་མགྲིན་ཚབ་པ་ལིས་ཞང་མེན་གྱིས་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ཀྱིས་ཉིན་དེའི་སྔ་དྲོར་ཁའེ་ཁྲིན་དུ་ཡོད་པའི་ཧན་གོ་དང་ཁྲའོ་ཞན་གྱི་ཐུན་མོང་འབྲེལ་གཏུག་ལས་དོན་ཁང་བརྒྱུད་དེ་ཧན་གོའི་སྲིད་གཞུང་དང་ཁེ་ལས་ལ་བརྡ་ཐོ་བཏང་སྟེ། ཧན་གོ་ཕྱོགས་ཀྱིས་གཏན་འཁེལ་བྱས་པའི་དུས་ཚོད་ནང་དུ་ཅིན་ཀང་རི་བོའི་གནས་སྐོར་ས་ཁུལ་གྱི་ཧན་གོའི་སྒྲིག་ཆས་གཏོར་ལེན་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། ཞོར་དུ་ཡིག་ཆ་བརྗེ་སྤོར་བྱེད་པའི་ཐབས་ལ་བརྟེན་ནས་འབྲེལ་ཡོད་ཀྱི་བྱེ་བྲག་གི་བཀོད་སྒྲིག་ལ་གྲོས་བསྡུར་བྱ་དགོས་པའི་གྲོས་གཞི་བཏོན་ཡོད་ཟེར། 

ལིས་ཞང་མེན་གྱིས་བསྟན་དོན། ཧན་གོའི་སྲིད་གཞུང་གིས་ཁྲའོ་ཞན་གྱི་གྲོས་གཞི་དེ་དང་ལེན་བྱེད་ཐབས་མེད་པ་དང་། སྲིད་གཞུང་གིས་ཧན་གོའི་མང་ཚོགས་ཀྱི་རྒྱུ་ནོར་དབང་ཆར་སྲུང་སྐྱོབ་བྱེད་པ་དང་། ཅིན་ཀང་རི་བོའི་གནས་སྐོར་ལས་གཞིའི་དམིགས་བསལ་དོན་སྙིང་། མིག་སྔར་ལས་གཞི་དེའི་མདུན་དུ་ལྷགས་པའི་ཆ་རྐྱེན་སོགས་ཕྱོགས་ཡོངས་ཀྱི་གནད་དོན་ལ་བསམ་བློ་བཏང་སྟེ། གསར་གཏོད་རང་བཞིན་ལྡན་པའི་ཐག་གཅོད་ཇུས་གཞི་ཞིག་ལ་ཞིབ་འཇུག་བྱེད་རྒྱུ་ཡིན་ཟེར། 

གཅིག་གྱུར་པུའུ་ཡི་བཤད་ཚུལ་ལྟར་ན། ཁྲའོ་ཞན་ཕྱོགས་ཀྱི་བརྡ་ཐོ་ལས་ཁྲའོ་ཞན་ཕྱོགས་ཀྱིས་ཅིན་ཀང་རི་བོའི་ས་ཁུལ་དུ་རྒྱལ་སྤྱིའི་གནས་སྐོར་རིག་གནས་ས་ཁུལ་གསར་འཛུགས་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།