ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་སྔ་སྣུར་སྒོས་འདེམ་བསྐོའི་བྱ་འགུལ་སྤེལ་བར་བརྩོན་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་ཚེས་ཉེར་བཞིའི་ཉིན་བསྟན་དོན། གལ་ཏེ་གྲོས་ཁང་ཞོལ་མས་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན་སྔ་སྣུར་སྒོས་འདེམ་བསྐོ་ཆེན་མོའི་བྱ་འགུལ་སྤེལ་བར་འཐད་པ་བྱུང་ན། ཁོས་མཚམས་བཞག་པའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གྱི་ཁྲིམས་འཛུགས་འཕེལ་རིམ་སླར་གསོ་བྱེད་ངེས་ཡིན་ཟེར། 

ཡའོ་ཧན་ཞོན་གྱིས་ཉིན་དེར་དབྱིན་ཇིའི་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་ཉག་ཅིག་ནི་གྲོས་ཁང་ཞོལ་མའི་གྲོས་མི་ཚོས་འདེམ་ཤོག་འཕངས་ཏེ་སྔ་སྣུར་གྱིས་འདེམ་བསྐོ་ཆེན་མོའི་བྱ་འགུལ་སྤེལ་བར་རྒྱབ་སྐྱོར་བྱེད་པ་དེ་ཡིན་ཟེར། ཁོས་ད་རུང་ངོ་རྒོལ་ཏང་བཟོ་བའི་ཏང་གིས་སྔ་སྣུར་གྱིས་འདེམ་བསྐོ་ཆེན་མོའི་བྱ་འགུལ་སྤེལ་བར་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་བཏང་། 

ཡའོ་ཧན་ཞོན་གྱིས་ཉིན་དེར་བཟོ་བའི་ཏང་གི་མགོ་ཁྲིད་པ་ཁི་ཨར་པེན་ལ་བསྐུར་བའི་འཕྲིན་ཡིག་ཅིག་ལས་བཤད་རྒྱུར། ཁོས་གྲོས་ཁང་ལ་དུས་ཚོད་སྔར་ལས་མང་བོ་བྱིན་ནས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གསར་བར་གྲོས་མཐུན་འགོད་དུ་འཇུག་སྲིད་ཀྱང་། གྲོས་མི་ཚོས་ངེས་པར་དུ་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན་འདེམ་བསྐོ་ཆེན་མོའི་བྱ་འགུལ་སྤེལ་བར་རྒྱབ་སྐྱོར་བྱ་དགོས་ཟེར། 

དེའི་སྔོན་བཟོ་བའི་ཏང་གིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ཆེས་མཇུག་མཐའི་ཡུན་ཚད་ཇེ་རིང་དུ་མ་བཏང་བའི་གནས་ཚུལ་འོག་འདེམ་བསྐོའི་བྱ་འགུལ་སྤེལ་བར་མངོན་གསལ་གྱིས་ངོ་རྒོལ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།